03

༄༅གཟིའི་སྙན་ངག་ཁག་གཉིས་། 2026年05月17日

སྐྱིད་ཀྱང་སྐྱོ་བྱུང་།

དཔྱིད་མེ་ཏོག་ཞལ་ཁ་ཕྱེ་བྱུང་། །

རླུང་བསེར་བུ་དལ་གྱིས་ལྡང་བྱུང་། །

རྩྭ་རྩི་ཤིང་ལོ་འདབ་རྒྱས་བྱུང་། །

འདིའི་ཡན་ལ་སྐྱིད་ཅིག་མེད་མོད། །

ངའི་ཨོ་ལོ་ཨ་ཇོ་ཟེར་བའི། །

གསུང་ཐོས་རྒྱུ་མེད་པས་སྐྱོ་བྱུང་། །

དབྱར་འཇའ་ཚོན་མཁའ་ལ་བཀྲ་བྱུང་། །

ཆར་ཟིལ་མ་མགྲོན་དུ་ཕེབས་བྱུང་། །

བྱ་བྱེའུ་ཡི་གསུང་སྐད་སྙན་བྱུང་། །

འདིའི་ཡན་ལ་སྐྱིད་ཅིག་མེད་མོད། །

ངའི་ཕ་ལོ་མ་ལོ་ཟེར་བའི། །

བརྙན་མཐོང་རྒྱུ་མེད་པས་སྐྱོ་བྱུང། །

སྟོན་ལོ་ཡག་འབྲས་བུ་སྨིན་བྱུང་། །

འབྲུ་སྣ་ལྔས་བང་མཛོད་གཏམས་བྱུང་། །

སྐར་རི་བྱིའི་བྱིན་རླབས་ཆེ་བྱུང་། །

འདིའི་ཡན་ལ་སྐྱིད་ཅིག་མེད་མོད། །

ངའི་སེམས་ཀྱི་རྒྱབ་རི་སྨུག་པོ། །

ད་རྨང་ནས་ཉིལ་འདི་སྐྱོ་བྱུང་། །

དགུན་ཁ་བའི་གར་སྟབས་མཛེས་བྱུང་། །

ཁྱིམ་གོ་ཁའི་མེ་ཐབ་དྲོ་བྱུང་། །

ནང་བཟའ་མི་ལྷན་འཛོམས་དགའ་བྱུང་། །

འདིའི་ཡན་ལ་སྐྱིད་ཅིག་མེད་མོད། །

ངའི་ཡིད་ཀྱི་མར་མེ་ཚེ་འབར། །

ད་གཏན་དུ་གཟིམས་འདི་སྐྱོ་བྱུང་། །

ད་ལོའི་ཆམ་ནད།

ཁ་ལ་སྨན་ཡང་བཟས་པ་ཡིན། །

རྐུབ་ལ་ཁབ་ཀྱང་བརྒྱབ་པ་ཡིན། །

བརྩེ་བ་ཟབ་པའི་ཆམ་རིམས་ཁྱོད། །

མ་སྡོད་མ་སྡོད་ཕར་ལ་སོང་། །

རྩ་ལ་སྨན་ཆུ་བླུགས་པ་ཡིན། །

བྲང་ལ་ཀོ་ཡོལ་སྦྱར་བ་ཡིན། །

ཨུ་ཚུགས་ཚ་བའི་ཆམ་རིམས་ཁྱོད། །

ད་དུང་གང་ལ་ཆགས་སམ་ཤོད། །

ཞག་ཚི་དུག་ལྟར་འཛེམས་པ་ཡིན། །

ཆུ་ཁོལ་སྨན་ལྟར་བཏུངས་པ་ཡིན། །

གློ་རྒྱུགས་སྦུད་པ་བརྒྱབ་བརྒྱབ་འདི། །

དུག་གིས་ལན་ནམ་སྨན་གྱིས་ལན། །

གཞོན་པའི་སྣང་བ་དགུང་ལས་མཐོ། །

ན་སོས་གདུངས་པར་ཅི་མི་སྙམ། །

ཟས་སྤྱོད་ཚུལ་བཞིན་མ་བསྟེན་ན། །

ཐང་མདོག་ལུས་པོ་ལྦུ་སོབ་རེད། །