སྲིད་དོན་ལས་རྗེས་ལྟ་བ་ནི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི“གཅུས་སྒོ་ཨ་མ”ཡིན། “སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་དགོས”ཞེས་པའི་གནད་དོན་འདིར་ལན་ཡག་པོ་རྒྱག་པ་དེ་ནི་བྱ་གཞག་འཕེལ་ཕྱོགས་དང་འབྲེལ་བ་ཡོད་པ་མ་ཟད། ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཀྱི་སྤུས་ཚད་ལ་དེ་བས་ཚོད་བགམ་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པར་བྱེད་མཁན་ནི་ཏང་གཤིས་རེད་ཅེས་གསུངས་ཡོད། རྣམ་བཤད་གལ་ཆེན་འདིས་ཏང་གཤིས་ཀྱིས་སྲིད་དོན་ལས་རྗེས་ལྟ་བའི་ལངས་ཕྱོགས་དང་ཁ་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡོད་པ་གསལ་པོར་བསྟན་ཡོད། ཏང་གཤིས་མཐའ་འཁྱོངས་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས“ཡང་སྙིང་སུའི་ཆེད་དུ་སྲིད་འཛིན་པ་དང་། སུའི་ཆེད་དུ་དབང་ཆ་སྤྱོད་པ། སུའི་ཆེད་དུ་ཁེ་ཕན་གཉེར་བའི”རྩ་བའི་གནད་དོན་འདི་གསལ་པོར་རྟོགས་དགོས།
མི་དམངས་གོང་དུ་བཀུར་བའི་རྩ་བའི་ལངས་ཕྱོགས་སུ་བརྟན་པོར་ལངས་ན་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་ལས་རྗེས་དངོས་གཏོད་ཐུབ། གངས་ལྗོངས་ས་མཐོར། ཏང་ཡོན་ལས་བྱེད་པ་གྲངས་ལས་འདས་པས་ལག་ལེན་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་ནང་དོན་ཟབ་མོར་གསལ་འགྲེལ་རྒྱག་གི་ཡོད། མཐའ་མཚམས་ཀྱི་འཐབ་ས་དང་པོར་རྩ་བ་ཚུགས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་གྲོང་སྡོད་ལས་བྱེད་པ་དང་ལ་རྒྱབ་ཀླུང་བརྒལ་གྱིས་ཞིང་འབྲོག་པར་སྨན་བཅོས་དང་སྨན་སྐྱེལ་བར་འགྲོ་མཁན་གཞི་རིམ་གྱི་སྨན་དོན་པ་ནས། ལོ་བཅུ་ཕྲག་རིང་ཉིན་གཅིག་ལྟར་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་མཁན་ཏང་ཡོན་གདོང་ལེན་པའི་བར་སུ་ཞིག་ཡིན་རུང་ཁོང་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཨང་དང་པོར་བཞག་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་ཡི་ཡོད། བལྟས་ཚོད་ལ་སྤྱིར་བཏང་ཡིན་པའི་དམངས་འཚོའི་དོན་དངོས་འདི་ཚོར་ཚ་ཚ་འུར་འུར་གྱི་རྣམ་པ་མེད་ཀྱང་དམངས་སེམས་དྲོ་སོབ་སོབ་བཟོ་བ་དང་དམངས་ཀྱི་སེམས་ཁྲལ་སེལ་གྱི་ཡོད། ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན། ཏང་གཤིས་ནི་སྔར་ནས་ད་བར་སྤྱི་མཚན་ཙམ་གྱི་ཐ་སྙད་མིན་པར། དེ་ནི“འབངས་རྣམས་གང་ལ་དགའ་བ་དེ་ཉིད་སྤེལ་བར་བྱ། འབངས་རྣམས་ཅི་ལ་སྡང་བ་དེ་ཉིད་འགོག་པར་བྱ་བའི”བྱ་སྤྱོད་ཀྱི་རང་རྟོགས་ཤིག་ཡིན་ལ། མང་ཚོགས་ཀྱི་དོན་ཆུང་རྣམས་རང་ཉིད་ཀྱི་དོན་ཆེན་ལ་བརྩི་བའི་འགན་འཁྲི་འཁུར་སེམས་ཞིག་ཀྱང་ཡིན།
འཚོ་བ་དངོས་ཀྱི་ཁྲོད། ལས་བྱེད་པ་ཁག་གཅིག་གི་སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་བྱུང་བའི་རྒྱུ་རྐྱེན་ནི་ལས་དོན་སྒྲུབ་སྟངས་ཐད་སྐྱོན་ཐོན་པ་ཞིག་མིན་པར། ལངས་ཕྱོགས་དང་ཐོག་མའི་བསམ་འདུན་འཁྱོག་པས་རེད། ལས་བྱེད་པ་ཁག་གཅིག་གིས་ལས་སྒྲུབ་ལས་གཏོད་དེ་རང་ཉིད་མི་སྒེར་གྱི་གོ་གནས་འཕར་མིན་དང་གཅིག་ཏུ་སྦྲེལ་ཏེ“མངོན་འབྲས”ལ་མཐོང་ཆེན་ལས“སྦས་འབྲས”ལ་མཐོང་ཆུང་བྱེད་པ་དང་། ཕྱི་རྫིག་ཁོག་སྟོང་གི“རྟགས་མཚོན་ལས་གྲྭ”དང་མི་རྒྱུ་གཉིས་འཕྲོ་བརླག་གཏོང་བའི“ངོ་སོའི་རྣམ་གྲངས”གཉེར་རྒྱུར་དགའ་པོ་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་དངོས་དང་ས་གནས་ཀྱི་ཕུགས་ཕན་འཕེལ་རྒྱས་ལ་མ་ལྟོས་པར་དུས་ཐུང་གི་གྲངས་གཞི་རྫིག་པོ་ཁོ་ན་དོན་གཉེར་བྱེད་པ། ལས་བྱེད་པ་ཁག་གཅིག་གིས་འགལ་ཟླ་འཕྲད་ན་གཡོལ་གང་ཐུབ་བྱེད་པ་དང་མང་ཚོགས་ཀྱི་རེ་ཞུའི་མདུན་དུ་རང་འགན་གཞན་ལ་དཀྲིས་ཏེ“གནས་ཚུལ་མི་ཐོན་པ”དེ“སྲིད་དོན་ལས་རྗེས”ཆེ་ཤོས་ལ་བརྩི་ཡི་ཡོད། མཐར་གཏུགས་ནས་བཤད་ན། བྱེད་སྤྱོད་འདི་རིགས་ནི་མི་སྒེར་གྱི་ཐོབ་ཤོར་དེ་མང་ཚོགས་ཀྱི་ཁེ་ཕན་ལས་ལྷག་པར་བརྩི་བ་ཞིག་ཡིན་པས། མི་དམངས་ཀྱི་ལངས་ཕྱོགས་བརླགས་པ་ཞིག་རེད། “སྲིད་དོན་ལས་རྗེས”འདི་རིགས་ནི་མང་ཚོགས་ཀྱི་བློ་ལ་མི་འཐད་ཅིང་ལོ་རྒྱུས་ཀྱིས་ཁས་ལེན་མི་སྲིད།
དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་རེད། ལངས་ཕྱོགས་འགྲིག་ན་ཁ་ཕྱོགས་མི་འཛོལ་བ་དང་། ཏང་གཤིས་ལྷད་མེད་ཡིན་ན་སྲིད་དོན་ལས་རྗེས་ཏན་ཏིག་འཇོག་ཐུབ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནི་སྔར་ནས་ད་བར་སྙན་ཞུའི་ནང་བྲིས་པའི་སྐད་ཆ་སྙན་པོ་མིན་པར་མང་ཚོགས་ཀྱི་སེམས་ལ་འཐད་པའི་བྱ་བ་དངོས་རེད། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་མང་ཚོགས་ཀྱི་གདེང་འཇོག་དེ་སྲིད་དོན་ལས་རྗེས་ལ་ཚད་འཇལ་བྱེད་པའི་ཚད་གཞི་མཐོ་ཤོས་ལ་བརྩི་བ་དང་། ཏང་གཤིས་བློ་སྦྱོང་དེ་དམངས་ལ་ཞབས་འདེགས་ཞུ་བའི་རང་རྟོགས་ཀྱི་བྱ་སྤྱོད་ལ་སྒྱུར་བ། ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་བྱས་ན། ང་ཚོས་གངས་ལྗོངས་ས་མཐོར་ལག་ལེན་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པ་དང་། མི་དམངས་ལ་ཕན་པ་དངོས་སྐྲུན་པ། མང་ཚོགས་ཚང་མའི་ཁས་ལེན་ཐོབ་པ་བཅས་ཀྱི་ལས་རྗེས་འཇོག་ཐུབ། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)