འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་9ཉིན། ཀྲུང་གོ་མཛེས་རྩལ་སློབ་གླིང་དང་བོད་ལྗོངས་མཛེས་རྩལ་ཁང་གིས་མཉམ་དུ་གཙོ་གཉེར་དང་། ཀྲེ་ཅང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་བཀོད་འདོམས་པུའུ་དང་བོད་ལྗོངས་སློབ་ཆེན་གྱིས་རོགས་གཉེར། ཀྲུང་གོ་མཛེས་རྩལ་སློབ་གླིང་ཆེད་ལས་རྨང་གཞིའི་སློབ་ཁྲིད་པུའུ་དང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གིས་མཉམ་དུ་གཉེར་འགན་འཁུར་བའི་དུས་རབས་གསར་པའི་གནས་ཚུལ་ཞིབ་བརྗོད——ཀྲུང་གོ་མཛེས་རྩལ་སློབ་གླིང་གི“སྒྱུ་རྩལ་ལམ་གྱི་རྨང་གཞི་འདིང་བའི”དགེ་སློབ་ཀྱི་བརྩམས་ཆོས་འགྲེམས་སྟོན་འགོ་ཚུགས་མཛད་སྒོ་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་ཞིང་། འགྲེམས་སྟོན་ནང་ཀྲུང་གོ་མཛེས་རྩལ་སློབ་གླིང་གི་དགེ་སློབ་ཀྱི་བརྩམས་ཆོས་200ལྷག་ཙམ་བཤམས་སྟོན་བྱས་པ་དང་། འགྲེམས་ཡུན་ཟླ་བ་5པའི་ཚེས་31ཉིན་བར་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་གྱིས“དུས་རབས་གསར་པའི་གནས་ཚུལ་ཞིབ་བརྗོད”ཅེས་པ་བརྗོད་གཞི་གཙོ་བོ་དང“སྒྱུ་རྩལ་ལམ་གྱི་རྨང་གཞི་འདིང་བའི”ལས་འགན་གལ་ཆེན་ལ་དམ་པོར་དམིགས་ཤིང་། “རི་ཀླུང་གང་སར་བརྩེ་བ་འཆང”དང“རིག་གནས་ཀྱི་ཁྲག་རྒྱུན་བརྟན་པོར་བསྲུངས” “སྲོལ་རྒྱུན་གྱི་གསུང་རབ་ལ་རྩ་བར་འཛིན” “འཚོ་བའི་ས་གཞི་ཆེ་མོར་རྩ་བ་ཚུགས”བཅས་ཁག་ཆེན་པོ་བཞི་བཀོད་སྒྲིག་བྱས་ནས་ཀྲུང་གོ་མཛེས་རྩལ་སློབ་གླིང་གི་དགེ་རྒན་སུམ་ཅུ་ལྷག་ཙམ་གྱི་སྒྱུ་རྩལ་བརྩམས་ཆོས་གཅིག་སྡུད་ཐོག་བཤམས་སྟོན་བྱས་ཤིང་། དུས་མཚུངས་སུ་ཀྲུང་གོ་མཛེས་རྩལ་སློབ་གླིང་གི་སློབ་མའི་མཛེས་རྩལ་རྨང་གཞིའི་སློབ་ཁྲིད་ལག་ལེན་གྲུབ་འབྲས་ཀྱང་བསྟན་པ་རེད།
བྱེད་སྒོ་སྤེལ་རིང་། ཀྲུང་གོ་མཛེས་རྩལ་སློབ་གླིང་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བས་སྲོལ་རྒྱུན་གྱི་ཡིག་རིས་དང་མཛེས་རྩལ་སློབ་གསོ་དང་། སྨན་ཐང་ལུགས་ཀྱི་ཁྱད་ཆོས། 1965ལོ་ནས་2025ལོའི་བར་གྱི་བོད་ཀྱི་རི་མོའི་བྲིས་རྒྱུན་འགྱུར་ལྡོག་དང་ཡིད་བརྙན་འཕོ་འགྱུར་སོགས་ཀྱི་བརྗོད་དོན་གཙོ་བོར་གཞིགས་ཏེ། བོད་ཀྱི་དགེ་སློབ་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་ཁག་ཐེངས་7བྱས་ཏེ་ས་མཐོའི་མཛེས་དཔྱད་སློབ་གསོར་ཆེད་ལས་ཀྱི་སྟོབས་ཤུགས་བསྣན་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པད་ཆོས་ཀྱིས་ཞུས)