འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ངག་དབང་དང་། པད་མ་དབང་འདུས། ཡུས་ཡུན་ཀུའེ། ཝང་ཀང་། ཟླ་བ་དངོས་གྲུབ་བཅས་ཚོགས་འདུར་ཞུགས་པ་དང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཟུར་ཞུགས་གནང་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ། སློབ་སྦྱོང་སློབ་གསོ་དེ་སྲིད་གྲོས་ཀྱི་འགན་འཁྲི་གཙང་སྒྲུབ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཟབ་སྦྱོང་མཐིལ་རྟོགས་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་འཕིགས་ཇུས་འདོན་དང་ཞན་ཆ་བསལ་ཏེ་གནད་དོན་དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས། དངོས་སྒྲུབ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས།
(བསྟན་བློས་བསྒྱུར། བསྟན་བློ་དང་ཕུར་སྒྲོན་གྱིས་ཞུས)