འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གཞོན་ནུ་ལོ་ཆུང་གི་དབྱར་དགུན་གུང་གསེང་རིང“ལྟ་མཁན་མེད་པ་དང་སློབ་སྦྱོང་བྱེད་ས་གཅིག་སྡུད་མེད་པའི”དཀའ་གནད་ཏན་ཏིག་སེལ་ཆེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱིས་གཞི་རིམ་བཅོས་སྐྱོང་དམ་འཛིན་བྱ་གཞིར་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་འཚར་ལོངས་དགོས་མཁོར་དམིགས་ཏེ་དབྱར་དགུན་གུང་གསེང་རིང་གི་སྤྲོ་སྣང་འཛིན་གྲྭ་དང་སྦྱོང་ཚན་ཟུར་ཁྲིད་ཀྱི“སློབ་ཚན་གཉིས་པ”རྒྱུན་རྣམ་ཅན་གྱི་སྒོ་ནས་འཚོགས་ཏེ། བརྩེ་བར་བརྟེན་ཏེ་གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བར་ཞབས་འདེགས་ཞུ་བ་དང་ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དམར་གྲོང་རྡལ་གྱིས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ལྔ་མཉམ་སྤེལ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་གྲོང་ཚོའི་ཏང་དམངས་ཞབས་ཞུ་ལྟེ་གནས་སོགས་ཀྱི་འཐབ་སའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། “སྦྱོང་ཚན་ཟུར་ཁྲིད་དང་སྤྲོ་སྣང་སྐྱེད་སྲིང་ཟུང་དུ་འབྲེལ་བའི”ཕྱོགས་གཉིས་ཀྱི་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ། གྲངས་རིག་བསམ་གཞིག་འཛིན་གྲྭ་དང་། རྐང་རྩེད་སྤོ་ལོའི་སྦྱོང་བརྡར་འཛིན་གྲྭ། དེ་བཞིན་གུང་གསེང་རིང་གི་སྦྱོང་ཚན་ཟུར་ཁྲིད་འཛིན་གྲྭ་བཅས་གནད་སྨིན་ངང་བཙུགས་ཏེ། ཁོངས་གཏོགས་ཁུལ་གྱི་གཞོན་ནུ་ལོ་ཆུང་50ལྷག་ཙམ་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ནས་སྤྱི་ཕན་ཞབས་ཞུ་སྤུས་ལེགས་གཞོན་ནུ་ལོ་ཆུང་གི་ཉེ་འགྲམ་དུ་ཁྱབ་ཐུབ་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དམར་གྲོང་རྡལ་གྱིས“སློབ་ཚན་གཉིས་པ”དེ་གཞི་རིམ་བཅོས་སྐྱོང་བྱེད་ཟབ་ཏུ་གཏོང་བའི་གཞི་རྟེན་གལ་ཆེན་དུ་བརྩིས་ཏེ། རྒྱུན་རྣམ་ཅན་གྱི་སྤྱི་ཕན་ཞབས་ཞུ་བརྒྱུད་གུང་གསེང་རིང་གི་སློབ་གསོ་ལྟ་འདོམས་ཀྱི་སྟོང་ཆ་སྐོང་བ་དང་གུང་གསེང་རིང་གཞོན་ནུ་ལོ་ཆུང་གི་བྱ་སྤྱོད་ངན་པ་ནུས་ལྡན་ངང་མི་ཐོན་པར་བྱས་པས་གཞི་རིམ་བཅོས་སྐྱོང་གི་གནོན་ཤུགས་ཆུང་དུ་ཏན་ཏིག་ཕྱིན་ཡོད། དེ་དང་ཆབས་ཅིག་ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་གྲྭ་ཆེ་མོ་བ་རྣམས་དང་བླངས་ཞབས་ཞུའི་ནང་ཧུར་ཐག་བསྡུས་པ་དང་། “གཞོན་ནུས་ལོ་ཆུང་ལ་ཞབས་འདེགས་ཞུ་བ་དང་ལོ་ཆུང་གིས་བཅོས་སྐྱོང་ལ་རམ་འདེགས་བྱེད་པའི”ལམ་སྲོལ་བཟང་པོ་འཛུགས་པ། གཞོན་ནུ་ལོ་ཆུང་གིས་སློབ་སྦྱོང་དང་ལག་ལེན་ཁྲོད་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་ལང་ཚོའི་སྒུལ་ནུས་གསར་པ་བསྣན་ཡོད།