03

༄༅་། མི་ཆུང་འགྱིང་གླུ་། 2026年03月29日

ཨོ་རྒྱན་རྡོ་རྗེ།

ང་རང་། རི་བོ་པང་དུ་འདེགས་ནུས་པའི་ཕོ་རྒོད་ཅིག་མིན།

རྒྱ་མཚོ་ཧུབ་ཀྱིས་འདྲེན་ཐུབ་པའི་འཇོན་ཐང་ཅན་ཞིག་ཀྱང་མིན།

ང་རང་། འཇིག་རྟེན་མི་ཚོགས་ཀྱི་རྒྱ་མཚོའི་ཁྲོད་ན།

མངོན་ཆུང་གི་ཆུ་ཐིགས་དང་འདྲ་བའི་ཉམ་ཆུང་མི་ཞིག་ལགས།

དེ་འདྲ་ཡིན་ནའང་།

ང་ལ་ང་རང་གི་ཕུགས་བསམ་ལྡན།

ང་ལ་ང་རང་གི་བརྩེ་དུང་མཆིས།

ང་རང་ཆུ་ཐིགས་ཇི་ལྟར་ཆུང་ནའང་།

ངས་འཚོ་བའི་ཕ་བོང་ལ་ཁུང་བུ་འབིགས་ཐུབ་ལ།

ངས་མི་ཚེའི་ཀྱག་ཀྱོག་གི་ལམ་བུ་རྐང་འོག་ཏུ་མནན་ཐུབ།