འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ར་མོ་ཆེ་གཙུག་ལག་ཁང་དང་གྲྭ་བཞི་དགོན་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ར་མོ་ཆེ་གཙུག་ལག་ཁང་དང་གྲྭ་བཞི་དགོན་དུ་དགོན་སྡོད་ལས་བྱེད་པ་དང་། དགེ་འདུན་པ། མེ་གསོད་རོགས་སྐྱོབ་པ་བཅས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་དགོན་སྡེའི་ལོ་རྒྱུས་དང་། “འདུ་ཤེས་གསུམ”གྱི་སློབ་གསོ། དགོན་སྡེ་དོ་དམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་དུང་རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ཀྱི་སྒྲིག་བཀོད་ལ་གཟིགས་ཞིབ་ཀྱང་གནང་བ་རེད། ཁོང་གིས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བཅས་བླངས་ཏེ། “མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་གཏོང་བ། གྲྭ་དམངས་ལ“ཆོས་ལུགས་ལས་རྒྱལ་ཁབ་གཙོ་ཆེ་བ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ་ཆེ་བ། ཆོས་པ་སྔོན་ལ་སྤྱི་དམངས་ཡིན་པ”བཅས་ཀྱི་འདུ་ཤེས་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་ཚབ་བྱེད་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་བཏོན་ཏེ། གྲྭ་དམངས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་རྟོགས་པ་མཐོ་བ། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱེད་དགོས། རིག་དངོས་སྲུང་སྐྱོབ་དང་། རྒྱུན་འཛིན། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་དངོས་བདེ་འཇགས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་ཀྱི“གསོན་ཤུགས”འཕེལ་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཆོས་ལུགས་བྱེད་སྒོ་དེ་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སྐྱོན་བྲལ་དང་གོ་རིམ་ལྡན་པར་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་མེ་ཟོན་བདེ་འཇགས་ཀྱི་རྩ་བ་དམ་པོར་འཛིན་པ་དང་། མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མེ་ཟོན་སྒྲིག་འགོད་ཀྱི་རྒྱུན་གཏན་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། དགོན་སྡེའི་གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་མཐའ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་ཧུར་ཐག་བཅས་བྱས་ནས་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་འཛིན་རྣམ་རྒྱལ་གྱིས་ཞུས)