འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་བཅས་པ་ལྷུན་གྲུབ་ཞིང་རར་བསྐྱོད་དེ། གསར་བརྗེའི་ཐོན་ཁུངས་ཀྱི་བརྟག་ཞིབ་ལས་དོན་སྤེལ་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་ཞིང་རའི་ཚོགས་ཁང་དང་། ས་ཕུག་རྙིང་པ། ལོ་རྒྱུས་འགྲེམས་སྟོན་ཁང་སོགས་སུ་འཚམས་འདྲིར་བསྐྱོད་དེ། ས་རྒོད་གསར་སྦོལ་གྱི་ལོ་རྒྱུས་རྗེས་ཤུལ་ལ་ཐག་ཉེ་ས་ནས་ཉམས་ལེན་དང་། ཞིང་རའི་འཛུགས་སྐྲུན་བརྒྱུད་རིམ་དང་། ལོ་རྒྱུས་ཀྱི་དོན་ཆེན། དེ་བཞིན་རིག་དངོས་སྲུང་སྐྱོབ་བཅས་ཀྱི་གནས་ཚུལ་ལ་འདྲི་རྟོགས་ཞིབ་ཕྲ་བྱས་ཏེ། གསར་བརྗེའི་ཡུལ་སྐོར་གསར་སྤེལ་སྐོར་གྱི་ས་གནས་དེ་གའི་ཐོག་མའི་བསམ་བཀོད་དང་དེ་བཞིན་མིག་སྔའི་ལོ་རྒྱུས་ཡིག་ཆ་བསྡུ་རུབ་དང་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ཀྱི་དགོས་མཁོ་དངོས་བཅས་ནན་ཏན་ངང་ཉན་པ་རེད།
བརྟག་ཞིབ་བྱེད་རིང་། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་གིས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་ལ་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་ཤིང་། སྲུང་སྐྱོང་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་ལོ་རྒྱུས་ཀྱི་རིག་རྒྱུན་སྔོག་འདོན་དང་གསེད་བཀྲོལ་བྱས་ནས། རིག་དངོས་ཉམས་གསོ་དང་ལོ་རྒྱུས་དཔྱད་གཞི་བསྡུ་ཉར་གྱི་ལས་དོན་ཡག་པོ་བྱེད་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཡུལ་སྐོར་འཆར་འགོད་ལེགས་སུ་བཏང་སྟེ་གསར་བརྗེའི་ཡུལ་སྐོར་དེ་སྐྱེ་ཁམས་ལྟ་སྐོར་དང་། གྲོང་གསེབ་ལ་མྱོང་རོལ། ཞིབ་སློབ་ལག་ལེན་བཅས་དང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་དང་གསལ་འགྲེལ་སོགས་ཀྱི་ལྷན་སྦྱར་ཞབས་ཞུ་དུས་གཅིག་ཏུ་འཐུས་སྒོ་ཚང་དུ་བཏང་སྟེ་ཁྱད་ལྡན་བསམ་བཀོད་ཐོན་རྫས་གསར་སྤེལ་བྱས་ནས། གསར་བརྗེའི་ཐོན་ཁུངས་ཀྱི་གསོན་ཤུགས་དངོས་འབྲེལ་རྒྱས་པར་བྱ་རྒྱུ་ཡིན་པ་རེད།
(ཕུར་སྒྲོན་གྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)