03

༄༅། །ཧྥུ་རོ་དབྱི་ཌའི་སེམས་ཁམས་དབྱེ་ཞིབ་ལམ་ནས་གློག་བརྙན《ལག་དམར》ལ་དཔྱད་པ། 2026年03月22日

དང་པོ། ལྷན་སྐྱེས་ཀྱི་བདག་གི་མཚོན་བྱེད་དུ་གྱུར་པའི་མི་སྣ་ལག་དམར་བ་སྦྱིན་པ།

གློག་བརྙན་ནང་ལྷན་སྐྱེས་བདག་གི་མཚོན་བྱེད་དུ་གྱུར་པའི་མི་སྣ་ལག་དམར་བ་སྦྱིན་པ་ལམ་སེང་ཐོན་མེད་པར། ཁ་ལོ་བ་སྦྱིན་པའི་འགྲིམ་འགྲུལ་ལས་འཛོལ་ལས་ལུག་གཅིག་བསད་རྗེས་ཐལ་རྡུལ་གྱིས་རབ་རིབ་ཏུ་གྱུར་པའི་བརྙན་མིག་ཅིག་ཏུ་ཁ་ལོ་བ་སྦྱིན་པས་ལག་དམར་བ་སྦྱིན་པ་མཐོང་བ་ཡིན། དེ་ཡང་ཐལ་རྡུལ་དང་རབ་རིབ་ཀྱིས་དཀྲིགས་པའི་བརྙན་རིས་ཤིག་ཏུ་ངེས་པར་དུ་ལག་དམར་བ་སྦྱིན་པ་ཐོན་དགོས་པའི་རྒྱུ་མཚན་ཡང་ལྷན་སྐྱེས་ཀྱི་བདག་གི་མྱོང་བས་རྟོགས་དཀའ་བ་དང་ངོས་འཛིན་ཐུབ་དཀའ་བའི་ཁྱད་ཆོས་ཀྱི་ཆ་ནས་དེ་ལྟར་འཆར་འགོད་བྱས་པར་འདོད། དོན་དུ་ལག་དམར་བ་སྦྱིན་པ་དེ་ལྷན་སྐྱེས་ཀྱི་བདག་གི་མཚོན་བྱེད་ཡིན་པ་ང་ཚོར་དྲན་སྐུལ་བྱས་པ་ཡིན། ཡང་དེ་ལྟར་བརྗོད་ན་ཀུན་ལ་དོགས་པ་ཞིག་འབྱུང་ངེས་ཏེ། ལུག་ཅིག་ལས་འཛོལ་ཁྲོད་འཆི་བ་ལས་ཁོའི་བག་ཉལ་གྱི་ཤེས་པར་འཚོལ་རྙེད་དང་ངོས་འཛིན་འབྱུང་དོན་གང་ཡིན་ནམ་ཞེས་པ་དེ་རེད། དོན་དུ་ང་ཚོས་མནོ་བསམ་འདི་འདྲ་ཞིག་གཏོང་ཆོག་པ་སྟེ། ལས་འཛོལ་ཁྲོད་འཆི་བའི་ལུག་ནི་མི་ཞིག་ཡིན་ཞིང་། ཁ་ལོ་བ་སྦྱིན་པའི་ལས་འཛོལ་གྱིས་མི་ཞིག་གི་རིན་བྲལ་ཚེ་སྲོག་བཅད་པ་ཡིན་ལ། དེ་འདྲའི་མིའི་ཚེ་སྲོག་འཕྲོག་པའི་གནས་ཚུལ་དང་ལོ་མང་སྔོན་དུ་རང་གི་ཕ་བསད་པའི་ཤ་འཁོན་དབར་རྟོག་མཐུན་བྱུང་བ་ལས་ཤ་འཁོན་ལེན་པའི་བག་ཉལ་གྱི་ཤེས་པར་ཧར་སད་བྱུང་བ་ཡིན། ལུག་དེ་གབ་པའི་ཚུལ་གྱིས་བསྟན་པ་ལས་མིའི་མཚོན་བྱེད་ཡིན་པར་བརྗོད་དོན་ནི་འཁྲབ་གཞུང་གི་གྲུབ་ཆར་གྱུར་པའི་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཐུང་གྲས《ལུག་གཅིག་ལྔ་ལམ་དུ་བརྫངས་པ》ཞེས་པར་བརྩམས་ཆོས་ཀྱི་རྒྱུ་ཆ་འདེམས་སྒྲིག་བྱེད་སྐབས་ལུག་ཅིག་འབྲི་དོན་ཡང་ཁོང་བོད་རིགས་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་རྒྱུ་མཚན་ངེས་ཅན་ཞིག་ལྡན་པར་སེམས་ཏེ། 《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》དུ་མི་ལུག་ཏུ་དཔེ་བཞག་པ་ཡོད་ཅིང་། བོད་ཀྱི་དེང་རབས་རྩོམ་པ་པོ་ཞིག་གི་ངོས་ནས་གྲགས་རྩོམ་དེ་འདྲ་ཞིག་ཁོང་གིས་སྔར་བཀླགས་མྱོང་བའི་དབང་དུ་བཏང་ན་ཁོང་གི་གསར་རྩོམ་ཁྲོད་དུ་ཡང་དེའི་ཤན་ཞུགས་སྲིད་པ་ཡིན།

གཉིས་པ། གཅུན་འདོམས་ཀྱི་བདག་གི་མཚོན་བྱེད་དུ་གྱུར་པའི་མི་སྣ་ཁ་ལོ་བ་སྦྱིན་པ།

གློག་བརྙན་གྱི་མི་སྣ་ཁ་ལོ་བ་སྦྱིན་པ་དེ་གཅུན་འདོམས་ཀྱི་བདག་གི་མཚོན་བྱེད་ཡིན་ཞེས་བརྗོད་དོན་ནི། ཁྲིམས་ལུགས་དང་ཀུན་སྤྱོད་ནི་གཅུན་འདོམས་ཀྱི་བདག་གི་བསྲུང་བྱ་ཡིན། དེ་ལྟར་གློག་བརྙན་དུ་ཡང་ཁ་ལོ་བ་སྦྱིན་པས་རང་གི་ལས་འཛོལ་གྱིས་དོན་མེད་དུ་གཞན་གྱི་སྲོག་འཕྲོག་པ་ཡིན་ལ། དེ་འདྲའི་བྱེད་རྩོལ་དེ་ནི་ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་རྣམ་གཞག་ལས་འགལ་བ་ཡིན་པས། གཅུན་འདོམས་བདག་གི་བསྲུང་བྱ་ལས་འགལ་བས་གློག་བརྙན་དུ་ཁ་ལོ་བ་སྦྱིན་པར་གནོང་འགྱོད་ཆེན་པོ་བྱུང་བ་ཁོ་པའི་གཏམ་གླེང་དང་བྱ་སྤྱོད་ནས་མཚོན་ཡོད། ཁ་ལོ་བ་སྦྱིན་པ་གཅུན་འདོམས་ཀྱི་བདག་གི་མཚོན་བྱེད་ཡིན་པའི་སྒྲུབ་བྱེད་དུ། 《རྩོམ་རིག་མཐའ་དཔྱོད་ཀྱི་རིགས་ལམ》ལས། “གཅུན་འདོམས་ཀྱི་བདག་ལ་གཏན་ཚིགས་དང་རིགས་ཤེས་ཀྱི་ཤེད་ལྡན་པ་མ་ཟད། སྒྲིག་འཛུགས་བྱེད་པ་དང་། དགག་བཞག་བྱེད་པ། ཕྱོགས་བསྡུས་བྱེད་པའི་ནུས་པའང་ལྡན”ཞེས་གསུངས་པ་བཞིན། གློག་བརྙན་དེའི་ནང་གི་མི་སྣ་ཁ་ལོ་བ་སྦྱིན་པར་རིགས་ཤེས་ཀྱི་ཆ་ཡང་ལྡན་པ་སྟེ། ཐོག་མར་འགྲིམ་འགྲུལ་ལས་འཛོལ་དེ་བརྙན་མིག་ཏུ་ཁ་ལོ་བ་སྦྱིན་པའི་མཐོང་སྣེ་ཡིན་ཞིང་། དེ་ནི་གོང་དུ་ཁོ་བོས་བརྙན་མིག་ཏུ་གསལ་བའི་ལུག་དེ་མི་ཡིན་ཞེས་བརྗོད་དོན་ཡང་ཕྱོགས་གཅིག་ནས་འདིར་ཐུག་ཡོད། གང་ཡིན་ཞེ་ན། གཅུན་འདོམས་ཀྱི་བདག་དེར་རིགས་ཤེས་དང་ལྡན་པས་ཤེས་པར་གསལ་བའི་དོན་དེ་ཇི་མ་ཇི་བཞིན་དུ་ཕྱིར་ཕྱུངས་བ་མ་ཡིན་པར། སྐབས་བསྟུན་གྱི་དགོས་པའི་དབང་གིས་ཅུང་ཟད་གབ་སྦས་བྱས་པ་ཡིན། དེས་ན་གློག་བརྙན་དུ་ཁ་ལོ་བ་སྦྱིན་པས་ལས་འཛོལ་ཁྲོད་ལྔ་ལམ་དུ་ཤོར་བའི་ཚེ་སྲོག་དེ་མི་ཞིག་ཡིན་པར་གསང་རྒྱ་བྱེད་པ་ཡིན་ཞིང་། དེ་ལྟར་མི་ཞིག་ཡིན་པར་ཁས་ལེན་མི་ཕོད་པས་གློག་བརྙན་དུ་ཁ་ལོ་བ་སྦྱིན་པའི་མཐོང་སྣེ་བཞིན་ལུག་གཅིག་གསལ་བ་ཡིན།

གསུམ་པ། སྦྱིན་པའི་ཁྱད་འཕགས་ཀྱི་བདག་གི་རེ་སྙེགས།

《རྩོམ་རིག་མཐའ་དཔྱོད་ཀྱི་རིགས་ལམ》ལས། “ཁྱད་འཕགས་ཀྱི་བདག་ནི་མི་གཞིའི་ཐོག་ཏུ་གནས་པའི་གཞུང་དྲང་གི་མངོན་ཕྱོགས་ཤིག་དང་། རེ་སྙེགས་བྱ་ཡུལ་ཞིག་ཡིན། དེ་ནི་ཡོན་ཏན་ཀུན་འཛོམས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་པ་ལས། དགའ་བདེ་ཙམ་སྟེ་ལྷན་སྐྱེས་ཀྱི་བདག་གི་ཁྱད་ཆོས་དང་དོན་དངོས་ཙམ་སྟེ་གཅུན་འདོམས་ཀྱི་བདག་གི་ཁྱད་ཆོས་དང་མི་མཚུངས་པར། དེ་ནི་འཛེམ་བྱ་ཞིག་དང་ཀུན་སྤྱོད་ཀྱི་ཚད་ཐིག་ཅིག”ཡིན་པར་བརྗོད། དེས་ན་གློག་བརྙན་འདིའི་ནང་འཁྲབ་ཁྲིད་པས་བརྙན་མིག་དང་མཚོན་དོན་ཅན་དུ་གྱུར་པའི་དངོས་པོ་འགའ་སྟེ། དབྱི་ཐ་ལིའི་དམངས་གཞས《ང་ཡི་ཉི་མ》ཞེས་པ་དང་། ཉི་མ། ཉི་འོད་སོགས་ལས་ཁོའི་ཁྱད་འཕགས་ཀྱི་བདག་གི་རེ་སྙེགས་མཚོན་པར་བྱས་ཡོད། གློག་བརྙན་གྱི་མགོ་རབ་རིབ་དང་འཐིབས་པའི་རྣམ་པ་ཞིག་ནས་ཚུགས་ཤིང་། བར་དུ་གླུ་གཞས《ང་ཡི་ཉི་མ》ཡང་དུ་བཏང་བ་ལས་ཁོ་པས་མུན་ནག་དང་རབ་རིབ་ལ་སུན་སྣང་དང་། འོད་སྣང་ལ་རེ་འབོད་བྱས་པ་མཚོན། ཕྱིས་སུ་རྨི་ལམ་གྱི་ནང་དུ་རང་གི་དགྲ་བོ་དམར་ཙ་བསད་ཅིང་། ཡུན་རིང་ཉར་བའི་ལྷན་སྐྱེས་ཀྱི་བདག་གི་ཞེ་འདོད་བསྐངས། དངོས་ཡོད་ཀྱི་ཡུལ་དུས་སུ་ནི་དམར་ཙའི་འགྱོད་བཤཊ་དང་གནས་བབ་ལ་སྙིང་རྗེ་སྐྱེས་ཤིང་། ཕ་བསད་ཀྱི་ཤ་འཁོན་གུ་ཡངས་སུ་བཏང་བ་ཡིན་ལ། ཕྱོགས་གཞན་ཞིག་ནས་ལོ་མང་རང་ཉིད་ལ་འགལ་འདུ་དང་ཚོད་འཛིན་ཆེ་བའི་སེམས་ཁམས་ཤིག་ལས་རྣམ་པར་རྒྱལ་བས་དེ་ནི་རང་ལ་བཏང་བའི་གུ་ཡངས་ཤིག་ཀྱང་ཡིན།

(བོད་ལྗོངས་སློབ་ཆེན་23ལོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་གི་ཤེས་རམས་ཞིབ་འཇུག་སློབ་མ་དོན་གྲུབ་དབང་རྒྱལ)