འདི་ག་ཚགས་པར་ཁང་དུ་རྣམ་གླིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས“བུད་མེད་ཀྱིས་གྲོང་གསེབ་ཏུ་བཅའ་ཁྲིམས་ཁྱབ་གདལ་གཏོང་། བཅའ་ཁྲིམས་ཀྱིས་དམངས་སེམས་དྲོ་བར་བྱེད”ཅེས་པའི་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་བདེ་སྐྱིད་ཆོས་སྒྲོན་གྱིས་རུ་སྣེ་ཁྲིད་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་གྲོང་གསེབ་ཏུ་བསྐྱོད་དེ་སྐོར་སྐྱོད་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། “ཞིང་པའི་སྒོ་ར་ཆུང་ངུ”སློབ་ཁང་དུ་བྱེད་པ་དང་། “ཅི་འཕྲོས་མོལ་འཕྲོས་ངང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པའི”བྱ་ཐབས་བརྒྱུད་ཁྱིམ་གྱི་སྒོ་རྩར་བཅའ་ཁྲིམས་ཁྱབ་གདལ་བཏང་སྟེ། བཅའ་ཁྲིམས་ཀྱི་ཤེས་བྱ་དང་ཁྲིམས་འཛིན་གྱི་དྲོ་སྐྱིད་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་པ་རེད།
དྲིལ་བསྒྲགས་བྱེད་རིང་། བདེ་སྐྱིད་ཆོས་སྒྲོན་གྱིས་ཞིང་པ་ལས་མིའི་གླ་ཆའི་ཁེ་དབང་སྲུང་སྐྱོང་དང་། གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི། རྒན་གསོའི་ཁ་བསླུས་འགོག་ཟོན་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་གྲོང་གསེབ་ཀྱི་གྱོད་དཔེ་ངོ་མ་དང་ཟུང་འབྲེལ་གྱིས་གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ་དང་། ལས་མི་མང་ཚོགས་ལ་དཔང་འཛིན་ཉར་ཚགས་དང་ཁྲིམས་བཞིན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པའི་མངག་བྱ་བྱེད་པ། རྒན་རྒོན་ལ་ཁ་བསླུས་འགོག་ཟོན་གྱིས“དངུལ་ཁུག”ཡག་པོ་སྲུང་དགོས་པའི་དྲན་སྐུལ་བྱེད་པ། ཁྱིམ་ཚང་གི་འགལ་ཟླ་སེལ་བའི་ཐབས་ཤེས་བཟང་པོ་མཉམ་སྤྱོད་བཅས་བྱས་པས་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པོར་གྱུར་བ་རེད།