02

སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་དིང་གི་རིམ་པ་བཞི་པའི་ཁྲིམས་དཔོན་ཕུར་བུ་སྒྲོལ་མས་བརྗོད་དོན། “དྲང་གཞག་དྲང་བདེན་དེ་མང་ཚོགས་ཀྱི་དགོས་མཁོ་ཆེ་སར་འབྱོར་བ་བྱེད་ཀྱི་ཡིན” 2026年02月26日

“ངས་བཅའ་ཁྲིམས་སྦྱོང་དོན་ནི་དྲང་གཞག་དྲང་བདེན་མང་ཚོགས་ཀྱི་དགོས་མཁོ་ཆེ་སར་འབྱོར་བ་བྱ་ཆེད་ཡིན”ཞེས་པ་ནི་སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་དིང་གི་རིམ་པ་བཞི་པའི་ཁྲིམས་དཔོན་ཕུར་བུ་སྒྲོལ་མས་2017ལོར་བརྗོད་པའི་སྐད་ཆ་རེད། སྐབས་དེ་དུས་ཁོང་པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་རྩོམ་རིག་དང་ཁྲིམས་ལུགས་སློབ་གླིང་ནས་ཐོན་མ་ཐག་ཡིན་པ་དང་ཕུར་བུ་སྒྲོལ་མ་འཁྲུག་ཆ་དོད་པའི་གྲོང་ཁྱེར་དུ་སྡོད་རྒྱུའི་གདམ་ག་བྱེད་ཆོག་མོད། འོན་ཀྱང་ཁོང་གིས་ཁྲིམས་སྐྱོང་གི་ཉི་འོད་དེ་བས་མཁོ་བའི་ས་ཆ་སྟེ། ས་བབ་སྨི་4500ཟིན་པའི་བྱང་རྩྭ་ཐང་དུ་བསྐྱོད་རྒྱུའི་གདམ་ཀ་བྱས།

ཉེ་དུས་ཕུར་བུ་སྒྲོལ་མ་སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གི་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་དང་མཉམ་དུ་ཁྲ་འདམ་ཤང་དུ་སྐོར་སྐྱོད་གྱོད་དོན་སྒྲུབ་སྐབས་དབུ་སྐྲ་དུང་ལྟར་དཀར་བའི་རྒན་མོ་ཞིག་གིས་པང་དུ་ཕྲུ་གུ་བཏབ་ནས་ཁོང་ཚོའི་མདུན་དུ་ཡོང་།

རྒན་མོའི་བུ་མོ་ཚེ་ལས་མ་འདས་གོང་བུ་མོའི་བཟའ་ཟླ་ཚེ་ཆེ་གེ་མོའི་དབར་གསོ་རྟེན་སྤྲོད་རྒྱུའི་གྲོས་མཐུན་བཞག་ཡོད་མོད། འོན་ཀྱང་བུ་མོ་ཚེ་ལས་འདས་རྗེས་ཚེ་ཆེ་གེ་མོས་ཕྲུ་གུའི་གསོ་རྟེན་དུས་ཐོག་ཏུ་མ་སྤྲད་པས་རྒན་མོའི་དཔལ་འབྱོར་དང་བསམ་པ་གཉིས་ཀར་དཀའ་ངལ་ཆེན་པོ་བཟོས་ཡོད།

ཕུར་བུ་སྒྲོལ་མས“གནས་ཚུལ་གསལ་པོ་ཤེས་རྗེས་འཕྲལ་མར་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཐོགས་མེད་བགྲོད་ལམ་བཏོད་ནས་ཐག་ཉེ་སའི་འབྲོག་པ་འདུ་འཛོམས་ཁུལ་དུ་ཁྲིམས་ར་སྤོས་ཏེ་ས་ཡུལ་དངོས་སུ་གྱོད་གཞི་འདུམ་འགྲིག་བྱས་པ་ཡིན”ཞེས་ངོ་སྤྲོད་བྱས།

འདུམ་འགྲིག་བྱེད་རིང་། ཕུར་བུ་སྒྲོལ་མས་གཅིག་ནས་རྒྱལ་ཁྲིམས་ཚད་ཐིག་ལ་བཟུང་ནས་ཞུ་སྦྱོར་ཕྱི་མ་ཚེ་ཆེ་གེ་མོར་ཕྲུ་གུ་གསོ་བ་ནི་ཁྲིམས་གཏན་འཁེལ་བའི་འོས་འགན་ཞིག་ཡིན་པ་དང་བཟའ་ཚོ་འཚོ་བཞུགས་སྐབས་བཞག་པའི་གྲོས་མཐུན་དེ་ཕྱོགས་གཅིག་ཚེ་ལས་འདས་པའི་དབང་གིས་གོ་མི་ཆོད་པར་མི་འགྱུར་ཞེས་གསལ་པོར་བརྗོད་པ་དང་། ཕྱོགས་གཞན་ཞིག་ནས་གཉེན་ཉེ་འབྲེལ་ཐག་ཏུ་བྱས་ཏེ་ཚེ་ཆེ་གེ་མོར་རྒན་མོ་གཅིག་པུས་ཕྲུ་གུ་གསོ་བའི་དཀའ་ངལ་ལ་བསམ་ཤེས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

གལ་ཏེ་བཅའ་ཁྲིམས་ནི་སྲ་ཞིང་མཁྲེགས་པའི་རྡོ་ཞིག་ཡིན་ན། མིའི་བརྩེ་བ་ནི་དྲོ་སྐྱིད་ལྡན་པའི་འབྲེལ་ཐག་ཞིག་རེད། “ཨ་མ་ལགས། ངས་ནོར་སོང་། ཕྱིས་སུ་ཕྲུ་གུའི་གསོ་རྟེན་དུས་བཀག་ལྟར་སྐྱེལ་བར་ཡོང་ངེས་ཡིན”ཞེས་ཚེ་ཆེ་གེ་མོས་ཁྲིམས་རར་དངུལ་བཏོན་ནས་ལག་གཉིས་ཀྱིས་རྒན་མོར་ཕུལ། གྱོད་དོན་དེ་མུར་ཐག་གཅོད་ཐུབ་ནས། ཁྲིམས་འཛིན་གྱི་དོན་སྙིང་རྩྭ་ཐང་འདིའི་ཐོག་ཇི་མ་ཇི་བཞིན་དང་གསོན་ཉམས་དོད་པོས་མངོན་ཐུབ་པ་བྱུང་ཡོད།

“རྩྭ་ཐང་ཐོག་གི་འབྲོག་པ་ཚོར་ཡང་ངའི་ཡུལ་མི་སྤུན་མཆེད་དང་འདྲ་བར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད། ངས་རང་ཉིད་ཀྱིས་སྦྱངས་པའི་བཅའ་ཁྲིམས་ཀྱི་ཤེས་བྱར་བརྟེན་ནས་ས་ཆ་དེའི་ཐོག་གི་མི་རྣམས་ལ་དྲོ་སྐྱིད་སྦྱིན་རྒྱུ་དང་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་ཕུར་བུ་སྒྲོལ་མས་བརྩེ་བ་ཟབ་མོས་བརྗོད།

ཕུར་བུ་སྒྲོལ་མས་འཚོ་བར་ཉེ་བཅར་དང“མར་དྲི”འཐུལ་བའི་དམངས་ཆེད་ཁྲིམས་འཛིན་གྱི་ལས་དོན་བསྒྲུབས་ནས་བཅའ་ཁྲིམས་ཤོག་ཐོག་ཁོ་ནར་གནས་པ་ཙམ་མ་ཡིན་པར་འབྲོག་པའི་སྦྲ་གུར་དང་མི་སེམས་ལ་ཟུག་པར་བྱས་པ་མ་ཟད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་ལས་དོན་དང་མཉམ་འདྲེས་ཐུབ་པར་བྱས་ཡོད།

(པ་ཕན་གྱིས་བསྒྱུར། ཉི་དོན་དང་པ་ཕན་གྱིས་ཞུས)