འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཟངས་རི་རྫོང་དྭགས་པོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོང་ཚོའི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གཅིག་སྡུད་ཐོག་གཞུང་དོན་བསྒྲུབས་ཤིང་། ཚང་མ་མཉམ་དུ་འཛོམས་ནས་གྲོང་ཚོའི་ལས་དོན་ལ་གྲོས་མོལ་དང་དམངས་ཀྱི་སེམས་ཁྲལ་བསལ་ཏེ“གཅིག་སྡུད་དོན་གྲོས་དང་། ས་ཡུལ་དངོས་སུ་ལས་སྒྲུབ། མཐུན་སྦྱོར་ཐག་གཅོད”བཅས་ཀྱི་བྱ་ཐབས་དངོས་སྤྱད་ནས་ཞབས་ཞུ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཏེ། གྲོང་མིས་ལས་སྒྲུབ་བྱེད་སྐབས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱེད་པ་དང་དཀའ་ངལ་སྔ་ཙམ་ཐག་གཅོད་ཐུབ་པར་བྱས་ཡོད།
གཞུང་དོན་སྒྲུབ་འགོ་ཚུགས་མ་ཐག གྲོང་ཚོའི་ལས་བྱེད་པས་དང་ཐོག་2025ལོའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྱི་ཚོགས་འདུའི་དགོངས་དོན་གཅིག་སྡུད་སློབ་སྦྱོང་བྱས་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་རྒྱུན་གཏན་གྱི་སྐད་ཆའི་ཐོག་ནས་སྲིད་ཇུས་ཀྱི་ནང་དོན་གཙོ་བོར་འགྲེལ་བཤད་བརྒྱབ་པ། གྲོང་ཚོའི་འཕེལ་རྒྱས་དང་ཞིང་ཕན་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་དོན་དག་ལ་དམིགས་ནས་བསམ་ཚུལ་གླེང་བ་དང་བསམ་ཕྱོགས་གཏན་འཁེལ་བྱས་ཏེ། སྲིད་ཇུས་ཀྱི་དགོངས་དོན་ལས་སྒྲུབ་ཀྱི་བྱེད་ཐབས་དངོས་སུ་འགྱུར་བའི་འགན་ལེན་བྱས་པ་རེད།
ཡུལ་མིའི་ཡོང་འབབ་མང་དུ་གཏོང་ཆེད་གྲོང་ཚོའི་ལས་བྱེད་པས་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་གྲོང་ཚོའི་ཁ་ལོ་བ་དང་བོད་ལྗོངས་ཅིན་ཁྲི་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་དབར་སྐྱེལ་འདྲེན་གྱི་ཚོང་དོན་གྲོས་མོལ་བྱེད་རོགས་བྱས་ཏེ་སྐྱེལ་འདྲེན་གྱི་གན་རྒྱ་བཞག་པ་རེད། གཅལ་ཤུད་ཡུལ་མི་ཚོགས་ཆུང་གི་མང་ཚོགས་ཚོས་མེ་ཤིང་སྐབས་འཕྲལ་བཀོད་སྒྲིག་བྱ་ཡུལ་ནས་གྲོང་ཚོར་དབོར་རྩིས་བྱེད་པ་ཤེས་རྗེས། ཁོང་ཚོས་འཕྲལ་མར་བཅའ་སྡོད་ཁེ་ལས་ཀྱི་འགན་འཁུར་བ་དང་འབྲེལ་བ་བྱས་ནས་དབོར་འདྲེན་གྱི་དཀའ་གནད་དེ་རང་དུ་མཐུན་སྦྱོར་ཐག་གཅོད་བྱས་ཡོད། (བསྟན་བློ་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)