ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གི་ནོར་སྟོད་སྡེ་ཁུལ་དུ་ཇ་ཁང་ཆུང་ཆུང་ཞིག་ཡོད་པ་དེ། སྡེ་ཁུལ་བཅོས་སྐྱོང་གི་ལྟེ་གནས་གསར་པར་གྱུར་ཞིང་། གཟའ་འཁོར་རེའི་གཟའ་ལྷག་པར་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དང་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དུས་ཐོག་ཏུ་དེ་གར་ཡོང་ནས་གྲོང་མི་ཚོ་དང་མཉམ་དུ་བསྡད་དེ། ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་གནད་དོན་ལ་གྲོས་བསྡུར་བྱེད་ཀྱི་ཡོད། དེ་ནི་ནོར་སྟོད་སྡེ་ཁུལ་གྱིས་བཏོད་པའི“ཇ་ཁང་ནང་གི་ཧྲུའུ་ཅི”ཞེས་པའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བཅོས་སྐྱོང་ལ་ཁྲིད་སྟོན་བྱས་པའི་སྤུས་རྟགས་ལས་བྱུང་བ་ཞིག་རེད། ཁོང་ཚོས་སྒྲོག་ཙེ་དོན་གྲོས་སྟེགས་བུར་བསྒྱུར་བ་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དེ“འབྲེལ་ཟམ”ལྟ་བུར་བསྒྱུར་ཏེ། སྲོལ་རྒྱུན་གྱི་དོན་གྲོས་ཕྱི་ཚུལ་ཅན་དང་རེ་ཞུ་བརྒྱུད་སྤྲོད་མི་བདེ་བ་སོགས་ཀྱི་དཀའ་གནད་སེལ་གང་ཐུབ་བྱས་ནས། མང་ཚོགས་དང་འབྲེལ་འདྲིས་སྔར་བས་ཟབ་པ་དང་དམངས་ཀྱི་བློ་ལ་སྔར་བས་བབ་པའི་སྡེ་ཁུལ་བཅོས་སྐྱོང་བྱེད་ཐབས་ཤིག་བཏོད་ཡོད།
2025ལོའི་ཚུན་དུ་སྡེ་ཁུལ་གྱིས་རིམ་རྩིས་བརྒྱབ་ན། “ཇ་ཁང་ནང་དུ་གྲོས་བསྡུར”ཐེངས་40བྱས་པ་དང་འབྲེལ་དྲ་ཐོག་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་གྲོང་མིའི་གྲོས་འགོ་160ལྷག་ཙམ་བསྡུ་རུབ་བྱས་ཏེ། དམངས་འཚོའི་རེ་འདུན་གླེང་མོལ་བྱེད་ཞོར་གྲུབ་ཐབས་བྱས་ཡོད།
ནོར་སྟོད་སྡེ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྒྲོག་ཙེའི་སྟེང་གི་རེ་ཞུ་དེ་ཞིབ་ཕྲའི་བྱ་སྤྱོད་ལ་བསྒྱུར་བ་སྟེ། བཀོད་སྒྲིག་གྲོང་མི་དུད་ཚང་144ལ་ལག་ཁྱེར་གཉེར་དཀའ་བའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་རོགས་བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་48ལ་སྨན་བཅོས་འགན་བཅོལ་མ་དངུལ་ཚབ་འཇལ་བྱས་པ། གློག་སྒུལ་འཁོར་རིགས་ཀྱི་གློག་གསོག་ཁང་3དང་གློག་འཛུགས་ས་200ལྷག་ཙམ་གསར་སྐྲུན་བྱས་པ། སྒྲིག་འགལ་གྱི་འཛུགས་དངོས་སྨི་ངོས་གྲུ་སྟོང་ཙམ་བཤིག་ཡོད། སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་རིང་སྐུལ་སློང་ཐེངས་མང་བྱས་པ་བརྒྱུད། གྲོང་མིའི་རྒྱབ་སྐྱོར་ཐོབ་ཚད་40%ནས་100%བར་མཐོ་རུ་ཕྱིན་ནས་ལས་གྲྭ་བདེ་བླག་ངང་ལག་བསྟར་བྱུང་ཡོད།
སྒྲོག་ཙེ་ཆུང་ཡང་སེམས་ཁྲལ་ཆེན་པོ་སེལ་ཐུབ། ཇ་ཁང་ཆུང་ཡང་དམངས་སེམས་གཅིག་ཏུ་སྒྲིལ་ཐུབ། ནོར་སྟོད་སྡེ་ཁུལ་གྱི“ཇ་ཁང་ནང་གི་ཧྲུའུ་ཅི”ཞེས་པའི་བྱེད་སྟངས་དེས་འཚོ་བ་དང་ཉེ་བཅར་གྱི་ཐབས་ཤེས་དང་བྱ་བ་དངོས་སྒྲུབ་པའི་བྱ་ཐབས་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཇི་ལྟར་སེལ་རྒྱུའི་སྐོར་གསོན་ཉམས་དོད་པོས་བརྗོད་ཡོད། མང་ཚོགས་ཀྱི་ཁྲོད་དུ་གཞི་ཚུགས་ནས་ལྷག་བསམ་ཟོལ་མེད་ངང་འབྲེལ་གཏུག་དང་བྱ་སྤྱོད་ཏན་ཏིག་སྤེལ་ཚེ། གཞི་རིམ་བཅོས་སྐྱོང་གི་ནང་གནས་སྒུལ་ཤུགས་ཆེ་རུ་འགྲོ་རྒྱུ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཞི་མཐུན་གྱི་ལེའུ་ཞིག་རྩོམ་ཐུབ་ངེས་རེད།