སྣང་རྫོང་སྣང་གྲོང་རྡལ་འཁྲུངས་ཁང་གྲོང་ཚོ་ནི་རྫོང་གྲོང་དང་བར་ཐག་སྤྱི་ལེ་10ཆོད་པའི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་ཤིང་། གྲོང་ཚོར་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་འཁྲུངས་ཁང་གཞིས་ཀ་ཡོད་པ་མ་ཟད། ད་དུང་རྒྱ་ཁྱོན་མུའུ་340ལྷག་ཙམ་ཟིན་པའི་ལོ་ངོ་སྟོང་གི་སྟར་ཁའི་ཤིང་ནགས་ཀྱང་ཡོད།
2025ལོར་འཁྲུངས་ཁང་གྲོང་ཚོའི་ལོ་རྒྱུས་ཁང་དངོས་སུ་བསྐྲུན་ནས་སྒོ་ཕྱེ་ཞིང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་100ལྷག་ཙམ་ཟིན་པའི་འགྲེམས་ཁང་དེ་ཚན་རིག་དང་མཐུན་པའི་ངང“ལོ་རྒྱུས་ཀྱི་འཕེལ་རིམ”དང་། “འཕེལ་རྒྱས་བྱུང་ཚུལ”“འབྱུང་འགྱུར་གྱི་རྒྱང་ལྟ”སོགས་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་གསུམ་དུ་འཆར་འགོད་བྱས་པ་དང་། སྒྲ་འོད་གློག་གསུམ་གྱི་དེང་རབས་ཅན་གྱི་འགྲེམས་སྟོན་ལག་རྩལ་ཕྱོགས་བསྡུས་ཐོག་སྤྱད་པ། འགྲེམས་པང་དང་འགྲེམས་སྒྲོམ་ནང་པར་རིས་དང་། དཔེ་དེབ། ཚད་ལྡན་ཡིག་ཆ་གལ་ཆེན། དེ་བཞིན་དངོས་རྫས་20ལྷག་ཙམ་བཅས་གོ་རིམ་ལྡན་པའི་ངང་བསྒྲིགས་ཡོད།
རྒྱལ་ཁབ་ཀྱི་AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འདིར་དེ་སྔོན་ཡུལ་སྐོར་བས་རྟག་ཏུ་གཙོ་བོ་ལོ་ངོ་སྟོང་གི་སྟར་ཁའི་ཤིང་ནགས་དང་འཁྲུངས་ཁང་གཞིས་ཀར་ལྟ་སྐོར་བྱེད་ཀྱི་ཡོད། གྲོང་ཚོའི་ལོ་རྒྱུས་འགྲེམས་ཁང་བསྐྲུན་ཏེ་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་ས་གནས་དེ་གའི་རིག་གནས་མྱོང་རོལ་གྱི་ཞན་ཆ་ནུས་ལྡན་ངང་བསལ་བ་དང་། མཛེས་ལྗོངས་ཁུལ་དེ“གཱ་ཐོ་འགོད་པའི་རྣམ་པའི་ཡུལ་སྐོར”ནས“དབྱིངས་ཞུགས་རྣམ་པའི་མྱོང་རོལ”བར་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་ཐེབས་པ། ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་དང་གྲོང་མིའི་འབབ་འཕར་ཐབས་ལམ་རྒྱ་ཆེར་སོང་ཡོད། ད་ཆ་ཡུལ་མི་ཚོས་མཛེས་ལྗོངས་ཁུལ་དུ་སྤོས་དང་། སྟར་ཁ། ཀུ་ཤུ། སུར་པན་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་བཙོངས་པ་བརྒྱུད། ཁྱིམ་གྱི་སྒོ་འགྲམ་དུ་འབབ་འཕར་བྱུང་ནས་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་ཡོད། “དེ་སྔོན་ཞིང་ཁ་ནི་འཚོ་རྟེན་གཅིག་ཡིན་པས་འབབ་ཁུངས་གཅིག་རང་ལས་མེད། ད་ཆ་ཁྱིམ་གྱི་སྒོ་རྩར་ཁྲོམ་བཏོན་ནས་སྣང་རྫོང་གི་ཁྱད་ལྡན་ཐོན་རྫས་ཚོང་ཆོག ཡུལ་སྐོར་བ་མང་དུ་ཕྱིན་པས་ཡོང་འབབ་ཀྱང་མི་ཉུང་བ་ཞིག་ཡོང་གི་འདུག”ཅེས་འཁྲུངས་ཁང་གྲོང་ཚོའི་ཡུལ་མི་བསྟན་འཛིན་སྒྲོལ་དཀར་གྱིས་བཤད།
(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)