02

འབྲི་གཡག་གསོ་ཚགས་ལས་ལ་གཞོལ། ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱུང་། —— འབྲོག་པ་དོན་གྲུབ་ཀྱི་ཁྱིམ་ཚང་འབྲོག་རའི་གསར་གཏོད་ལག་ལེན་སྐོར་བཀོད་པ། 2026年02月25日

ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ་མིང་ལ་དོན་གྲུབ་ཟེར་བའི་འབྲོག་པ་ཞིག་ཡོད་ཅིང་། གསོ་ཚགས་ལས་ལ་དགའ་ཞེན་ཆེ་བའི་ཁོང་གིས་སེམས་ཤུགས་བརྟན་པོ་དང་གོམ་སྟབས་རེ་རེ་བཞིན་འཚོལ་ཞིབ་བྱས་པར་བརྟེན། གསོ་ཚགས་དུད་ཚང་དཀྱུས་མ་ཞིག་ནས་ས་གནས་དེ་གར་སྐད་གྲགས་ཆོད་པའི་ཁྱིམ་ཚང་འབྲོག་རའི་འགན་འཁུར་བ་ཞིག་ཏུ་གྱུར། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་ཉིད་ཀྱི་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། ད་དུང་མཐའ་འཁོར་གྱི་གསོ་ཚགས་དུད་ཚང་ལ་ཡོང་འབབ་འཕར་བར་སྐུལ་ཁྲིད་ཀྱང་ཐུབ་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕ་ཡུལ་གྱི་གྲོང་གསེབ་དར་རྒྱས་ལས་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

2011ལོར། ཁྱིམ་ཚང་འབྲོག་ར་འཕེལ་རྒྱས་ཀྱི་མདུན་ལམ་ཆེ་བ་ཚོར་རྗེས། དོན་གྲུབ་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལས་དོན་དེར་གཞོལ་ཞིང་། དེའི་རིང་། ཁོང་གིས་ལྷས་ར་འཛུགས་སྐྲུན་དང་སྒྲིག་ཆས་ཉོ་སྒྲུབ་བྱས་པ་དང་། གང་སར་དགེ་རྒན་བསྟེན་ནས་གསོ་ཚགས་ལག་རྩལ་སྦྱངས་པ་མ་ཟད། ད་ཡོད་ཕྱུགས་རིགས་ཀྱི་རྨང་གཞིའི་ཐོག་སྤུས་ལེགས་འབྲི་གཡག་ཁག་གཅིག་ཉོས་ནས་རང་ཉིད་ཀྱི་ཁྱིམ་ཚང་འབྲོག་ར་གཉེར་སྐྱོང་བྱེད་འགོ་བཙུགས།

ཐོག་མར་ཁྱིམ་ཚང་འབྲོག་ར་འཕེལ་རྒྱས་གཏོང་སྐབས་ལམ་ལྷོངས་མ་བྱུང་ཞིང་། ལག་རྩལ་བྱང་ཆུབ་པོ་མེད་པ་དང་ཚོང་ལམ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་གཅིག་རྗེས་གཉིས་མཐུད་དུ་ཐོན་མོད། འོན་ཀྱང་དོན་གྲུབ་ཀྱིས་ཡིད་ཐང་མ་ཆད་པར་དཔྱད་གཞིའི་ཡིག་ཆར་བལྟས་པ་དང་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུས་ནས་གསོ་ཚགས་དང་དོ་དམ་གྱི་ཐབས་ཇུས་ལེགས་སྒྲིག་ཡང་ཡང་བྱས་མཐར། ས་གནས་དེ་གར་འཚམ་པའི་གསོ་ཚགས་བྱེད་སྟངས་ཤིག་འཚོལ་ཞིབ་ཐུབ་སྟེ། ལས་གཏོད་ཀྱི་ཐོག་མའི་དཀའ་གནད་ལས་བསྒྲལ། “ཐོན་རྫས་ཀྱི་སྤུས་ཚད་དང་སྤུས་རྟགས་གཏོད་རྒྱུ་ནི་འབྲོག་རའི་སྲོག་རྩ་ཡིན་ལ། ཁྲོམ་རའི་སྒོ་མོ་འབྱེད་པའི་ལྡེ་མིག་ཀྱང་ཡིན”ཞེས་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད། འབྲོག་རའི་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་བ་དང་སྔོན་ཐོན་གྱི་གསོ་ཚགས་ལག་རྩལ་ནང་འདྲེན་བྱས་པ་དང་ཆབས་ཅིག་ཁོང་གིས་ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། བདེ་ཐང་བཅས་ཀྱི་གསོ་ཚགས་འདུ་ཤེས་མཐའ་འཁྱོངས་བྱས་ནས་གཟན་རྩྭ་ཡག་པོ་དང་ཆུ་ཁུངས་གཙང་མ་སྤྱད་དེ་འབྱུང་རྩ་ནས་སྤུས་ཚད་ཀྱི་འགག་སྒོ་ནན་པོར་བསྲུངས། ཁོང་གིས་ད་དུང་འབྲོག་རར་ཚོང་རྟགས་ཐོ་འགོད་བྱས་པ་དང་། འབྲོག་ལས་ཐོན་རྫས་ཚོང་འདུས་དང་གློག་རྡུལ་ཚོང་དོན་སོགས་ཀྱི་ཐབས་ལམ་བརྒྱུད་སྤུས་རྟགས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་དང་། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བས། ཁོང་གི་ཁྱིམ་ཚང་འབྲོག་ར་འཕེལ་རྒྱས་དེ་བས་བརྟན་པོ་དང་དེ་བས་རྒྱུན་མཐུད་བྱུང་ཡོད།

ཕྱུག་པོ་ཆགས་པའི་དོན་གྲུབ་ཀྱིས་ཡུལ་མི་ཚོ་བརྗེད་མེད། ཁོང་གིས་ཁྱིམ་ཚང་འབྲོག་ར་དང་གསོ་ཚགས་དུད་ཚང་ཟུང་དུ་འབྲེལ་བའི་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། མཐའ་འཁོར་གྱི་གསོ་ཚགས་དུད་ཚང་དང་གྲོས་མཐུན་བཞག་ནས་ཚང་མར་ལག་རྩལ་མཛུབ་ཁྲིད་དང་། གཅིག་གྱུར་དོ་དམ། ཕྱིར་ཚོང་ཞབས་ཞུ་བཅས་མཁོ་འདོན་བྱས། ཁོང་གིས“དེ་ལྟར་བྱས་ཚེ་ཚོང་ལམ་གྱི་གནད་དོན་ཐག་གཅོད་ཐུབ་པ་དང་། དུད་ཚང་ཁག་གི་གསོ་ཚགས་ཀྱི་ཉེན་ཁ་ཡང་ཆུང་དུ་ཕྱིན་པ་མ་ཟད་གསོ་ཚགས་བྱེད་པའི་ཧུར་བརྩོན་རང་བཞིན་དེ་བས་ཆེ་རུ་འགྲོ་གི་འདུག”ཅེས་བཤད། མིག་སྔར། ཁོང་གིས་གསོ་ཚགས་དུད་ཚང་30ལ་སྐུལ་ཁྲིད་བྱས་པ་དང་། འབྲོག་རའི་འབྲི་གཡག་གསོ་ཚགས་ཀྱི་གཞི་ཁྱོན་1200ཟིན་པ། གསོ་ཚགས་དུད་ཚང་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.8འཕར་བ་བཅས་ལས་ས་གནས་དེ་གར་གཞི་ཁྱོན་ཅན་གྱི་གསོ་ཚགས་རྣམ་པ་ཆགས་པར་སྐུལ་འདེད་ཐེབས་ཡོད།

ད་ཆའི་གྲུབ་འབྲས་སྐོར་གླེང་སྐབས་དོན་གྲུབ་ཀྱིས་རྟག་ཏུ་ཏང་དང་སྲིད་གཞུང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་གནང་བ་དང་། སྤྱི་ཚོགས་ཀྱིས་རོགས་རམ་གནང་བ། ཡུལ་མི་ཚོས་ཡིད་ཆེས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད། ཁོང་གིས“ངས་འབྲོག་རར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གསོ་ཚགས་སྒྲིག་ཆས་དང་ལག་རྩལ་རིམ་སྤོར་བྱས་ཏེ། གསོ་ཚགས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་རྒྱུ་དང་། མཉམ་ལས་བྱེད་སྟངས་རྒྱུན་མཐུད་གསར་གཏོད་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་གསོ་ཚགས་དུད་ཚང་དེ་བས་མང་བར་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་པ་དང་གཞོན་ནུ་ཚོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཡིད་དབང་བཀུག་སྟེ། གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་སྣོན་རྒྱུ། སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་ལྗང་མདོག་གསོ་ཚགས་ཁྱབ་གདལ་གཏོང་བ་དང་འབྲོག་རའི་སྦགས་བཙོག་བཅོས་སྐྱོང་དང་བེད་མེད་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱས་ཏེ། འབྲོག་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ཐུབ་པ་བཅས་བྱེད་ཀྱི་ཡིན”ཞེས་སེམས་ཤུགས་ཀྱིས་ཁེངས་བཞིན་བཤད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)