01

ལྕགས་ལམ་གྱི“འཕྲིན་གཏོང་སྲུང་དམག” ཕ་ཡུལ་དྲོན་མོ་རྒྱབ་ཏུ་བསྐྱུར། ས་མཐོར་ལས་གནས་བརྟན་སྲུང་བྱས། 2026年02月25日

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་མཉམ་དུ་འཁེལ་བས། གངས་ལྗོངས་ས་མཐོའི་གང་སར་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། ཁྱིམ་ཚང་ཁྲི་སྟོང་མང་པོ་དགའ་སྤྲོའི་ངང་མཉམ་འཛོམས་བྱེད་སྐབས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་འཕྲིན་གཏོང་དུམ་བུའི་ལྷ་སའི་མཉམ་འབྲེལ་འཕྲུལ་ཁང་ནས་མཚན་གང་རིང་གློག་འོད་ཁྲ་ལྷམ་མེར་འཕྲོ་བཞིན་ཡོད། བརྙན་ཤེལ་རེ་རེའི་ངོས་ཀྱི་སྐབས་བསྟུན་གྲངས་གཞིར་བློ་རྩེ་གཅིག་སྒྲིམ་གྱིས་ཅེར་བཞིན་ལས་ལ་གཞོལ་མཁན་ཚོས་ཉིན་མཚན་དབྱེར་མེད་ངང་ས་མཐོའི་ལྕགས་ལམ་འཕྲིན་གཏོང་གི“སྲོག་ཐིག”སྲུང་བཞིན་ཡོད།

ལྷ་སའི་མཉམ་འབྲེལ་འཕྲུལ་ཁང་ནི་མཚོ་བོད་ལྕགས་ལམ་གྱི་བོད་ལྗོངས་དུམ་བུའི་འགག་རྩའི་འཕྲིན་གཏོང་ལྟེ་གནས་ཤིག་ཡིན་ཞིང་། གོར་མོ་ནས་ལྷ་ས་བར་གྱི་ལམ་ཐིག་གི་གདང་ལ་ནས་ལྷ་ས་བར་གྱི་དུམ་བུ་དང་། ལྷ་གཞིས་ལམ་ཐིག ལྷ་ཉིང་ལམ་ཐིག་བཅས་མ་ལམ་གསུམ་གྱི་འཕྲིན་གཏོང་སྒྲིག་ཆས་ཀྱི་དྲ་རྒྱའི་དོ་དམ་དང་ལྟ་སྐུལ་ཚོད་འཛིན་གྱི་ལས་འགན་འཁུར་བཞིན་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། གསོ་རླུང་མི་འདང་བ། ལྷགས་པ་ཆེ་བ། འཁྱགས་ས་བཅས་ཚང་མ་ནི་ས་མཐོའི་ལྕགས་ལམ་གྱི་འཕྲིན་གཏོང་འགན་ལེན་བྱེད་པར་ངེས་པར་དུ་ཁ་གཏད་གཅོག་དགོས་པའི་ཚོད་བགམ་ནན་པོ་ཤ་སྟག་རེད། དྲོད་ཚད་དམའ་བའི་ཁོར་ཡུག་ལས་སྒྲིག་ཆས་ཀྱི་ནུས་པ་ཤོར་བ་དང་། གློག་རྫས་གསོག་ཚད་ཆག་པ། རླུང་ཆེན་དང་འཁྱགས་སའི་བང་རིམ་གྱིས་ཕྱི་རོལ་གྱི་གློག་ཤིང་དང་ས་འོག་གི་འོད་སྐུད་བདེ་འཇགས་ལ་ཤུགས་རྐྱེན་བཟོས་ནས་བརྡ་རྟགས་བརྟན་པོ་མེད་པར་གྱུར་བའི་ཁར། ལམ་རྒྱུད་ཀྱི་ནོར་ལུག་དང་མིས་འགོག་སྲུང་ཁུལ་དུ་འཛུལ་བ་དང་། ཨར་སྐྲུན་བྱེད་སྐབས་བསམ་ཡུལ་ལས་འདས་པའི་ངང་འོད་སྐུད་ཆད་པ་སོགས་ཀྱི་མངོན་མེད་རྐྱེན་ངན་སོགས་རང་འགུལ་ངང་ཉེན་བརྡ་གཏོང་མི་ཐུབ་པས་མི་ཐབས་ལ་བརྟེན་ནས་ལྟ་སྲུང་དང་རེ་རེ་བཞིན་གྲལ་བཤེར་བྱེད་དགོས་ཀྱི་ཡོད་པ་རེད།

དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་དང་ཚོད་བགམ་མང་པོའི་ཁྲོད། ལས་བཟོ་ཚོས་དུས་དང་རྣམ་པ་ཀུན་ཏུ་ལམ་ཐིག་ཧྲིལ་པོའི་འཕྲིན་གཏོང་སྒྲིག་ཆས་འཁོར་རྒྱུག་བྱེད་ཚུལ་ལ་ཚོད་འཛིན་བྱེད་པ་དང་ལྷ་ས་འཕྲིན་གཏོང་ས་ཚིགས་ཀྱི་ལྟེ་བའི་འཕྲུལ་འཁོར་ཁང་འཁོར་རྒྱུག་བརྟན་པོ་དང་ལས་སྒོ་བདེ་བླག་ཡོང་རྒྱུར་སྲུང་སྐྱོང་ཞིབ་ཚགས་བྱས་ཏེ་ལྷ་སའི་གློག་ཁུངས་ཁང་གི་འཕྲིན་གཏོང་གློག་ཁུངས་ཡུན་རིང་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཀྱི་ཡོད། ས་མཐོའི་ལྕགས་ལམ་འཕྲིན་གཏོང་གི་འཐབ་ས་དང་པོའི“སོ་དམག”ཡིན་པའི་ངོས་ནས་ཁོང་ཚོས་ཆུ་ཚོད་24ཡི་རིང་ལས་རེས་ལྟ་སྲུང་ཚོད་འཛིན་དང་། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར། གནད་དོན་མགྱོགས་མྱུར་ཐག་གཅོད་བཅས་བྱས་ཏེ་བརྟན་སྲུང་གཟབ་ནན་ཞིབ་ཚགས་ཀྱིས་ས་མཐོའི་ལྕགས་ལམ་གྱི་འཕྲིན་གཏོང་བདེ་འཇགས་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་མང་དུ་ཕྱིན་པས་འཕྲིན་གཏོང་འགན་སྲུང་ལས་རེས་ཀྱི་གནོན་ཤུགས་དང་འགན་འཁྲི་ཡང་དེ་དང་ཆབས་ཅིག་ལྕི་རུ་ཕྱིན་ཡོད། ལྷ་སའི་མཉམ་འབྲེལ་འཕྲུལ་ཆས་ཁང་གི་འགོ་གཙོ་ལུའོ་ཀྲན་ཞང་གིས། དུས་ཆེན་གོང་ཚོགས་ཆུང་ཁག་གིས་ལམ་ཐིག་ཧྲིལ་པོའི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་། དུས་ཆེན་རིང་སྔར་བཞིན་ཆུ་ཚོད་24ཡི་རིང་རྒྱུན་མི་ཆད་པར་ལས་རེས་བཀོད་སྒྲིག་བྱེད་པ། ཆུ་ཚོད་2རེར་དྲ་བ་ཡོངས་ལ་སྐོར་ཞིབ་ཐེངས་རེ་བྱེད་པ། ལས་མི་ཚང་མས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེར་སྐྱེད་བཅས་བྱས་ཏེ་འཕྲིན་གཏོང་བགྲོད་ལམ་རྦད་དེ་བདེ་འཇགས་དང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

འཕྲིན་གཏོང་བཟོ་པ་དབྱང་པིན་གྱིས་བོད་དུ་ལས་ཀ་བྱས་ནས་ལོ་6སོང་ཞིང་། ནང་མི་དང་མཉམ་དུ་དཔྱིད་གསར་དུས་ཆེན་ཐེངས་གཉིས་ལས་གཏོང་མྱོང་མེད། ད་ལོའི་དཔྱིད་གསར་དུས་ཆེན་རིང་ཡང་ཁོང་གིས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་དགོས་པས་ནང་མི་དང་མཉམ་འཛོམས་ཐུབ་མེད། “ནང་མིས་ང་ནང་ལ་ལོག་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ལ་ངའང་ཁོང་ཚོ་ཧ་ཅང་དྲན་གྱི་འདུག”ཅེས་ནང་མིའི་སྐོར་གླེང་སྐབས་དབྱང་པིན་གྱིས་ངོ་གནོང་བཞིན་དུ་དེ་ལྟར་བཤད། ཡང་ཁོང་གིས“འོན་ཀྱང་ཁོང་ཚོས་དཔྱིད་གསར་སྐྱེལ་འདྲེན་རིང་ལྕགས་ལམ་གྱི་འཕྲིན་གཏོང་འགན་སྲུང་ལས་འགན་ཧ་ཅང་ལྕི་པོ་ཡིན་པ་ཤེས་ཀྱི་ཡོད་པས་འཁང་ར་སྤུ་ཙམ་མེད་པ་མ་ཟད། ད་དུང་ང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ལ་ངས་ལས་གནས་ཐོག་ལེགས་སྐྱེས་ཕུལ་བར་སྤོབས་པའང་བྱེད་ཀྱི་འདུག”ཅེས་བཤད།

མཉམ་འཛོམས་ནི་བདེ་སྐྱིད་ཀྱི་གཞི་མདངས་རེད་ལ། བརྟན་སྲུང་ནི་བཀྲག་མདངས་འཚེར་ཤོས་དེ་རེད། དུས་ཆེན་གཉིས་མཉམ་དུ་དགའ་གཏོང་བྱེད་རིང་ས་མཐོའི་ལྕགས་ལམ་གྱི་འཕྲིན་གཏོང་བ་ཚོས་ལས་གནས་བརྟན་སྲུང་དང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ། ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པ་བཅས་ལ་བརྟེན་ནས་ལྕགས་ལམ་ཤར་གཏོང་ཡོང་བར་བྱེད་བཞིན་ཡོད་ལ། ཁོང་ཚོས་ནང་མིར་བཅངས་པའི་དྲན་གདུང་དེ་བརྟན་སྲུང་གི་སྒུལ་ཤུགས་སུ་བསྒྱུར་བ་དང་འགན་འཁྲིར་བརྟེན་ནས་དུས་གཏན་མེ་འཁོར་རེ་རེ་བདེ་འཇགས་ངང་སྐྱོད་ཐུབ་པར་བྱས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་ཡོང་བའི་འགན་ལེན་བྱེད་བཞིན་ཡོད།

(བདེ་སྐྱིད་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)