ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་སྟོད་སྡེ་ཁུལ་གྱི་གྲོང་མི་མཁའ་འགྲོས་གསར་འགོད་པར་2025ལོའི་འཚོ་བའི་འགྱུར་ལྡོག་སྐོར་ཞིབ་ཕྲ་གླེང་། ད་ལོ་ཁྲེང་ཀོན་ཆུས་ཀྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ”དམ་འཛིན་བྱ་གཞིར་བྱས་ཏེ་ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་དམངས་འཚོའི་དཀའ་གནད་བསལ་བས་ས་མཐོའི་གྲོང་གསར་གྱི་སྡོད་མལ་ལ་འཚམ་པའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།
ཁྲེང་ཀོན་ཆུས་ཀྱིས“གནད་སྨིན”དེ་བཅོས་སྒྲིག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། གྲོང་ཁྱེར་གྱི་རྣམ་པ་ཟང་ཟིང་ཆེ་བ་དང་གང་སར་གློག་སྐུད་ཀྱིས་ཁེངས་པ་སོགས་ཀྱི་དམངས་འཚོའི་གནད་དོན་16ལ་དམིགས་ཏེ། དོ་དམ་ཚད་ལྡན་ཅན་ཁྱབ་གདལ་གཏོང་བ་དང་། འགན་གཙང་འགན་ལེན་འགོ་ཁྲིད་ཀྱིས་འཐབ་ས་དང་པོར་སྐོར་ཞིབ་བྱེད་པ། གནད་དོན་ས་གནས་ས་ཐོག་ཏུ་ཐག་གཅོད་དང་དག་ཐེར་བཅས་བྱས་ཡོད། ནོར་སྟོད་སྡེ་ཁུལ་གྱི་སྲང་ལམ་དེར་འགྱིག་བལ་གྲོང་ཁྱེར་སྒྱུར་བཀོད་བྱས་པ་བརྒྱུད་ཆར་ཆུ་དང་བཙོག་ཆུ་ལོགས་བཀར་བཞུར་བའི་མདོང་ལམ་དྲ་བ་སྨི་2918བཏིང་ནས་ཆར་དུས་ཀྱི་འཁྱིལ་ཆུའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད། ཁོངས་གཏོགས་ཁུལ་གྱིས“གློག་སྐུད་ས་འོག་ཏུ་བཅུག་པའི”ལས་གྲྭ་ལག་ལེན་བསྟར་ཏེ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གློག་སྐུད་རྙིང་པ་གཙང་སེལ་དང་ཚད་ལྡན་དུ་གཏོང་བ་དང་། བེད་མེད་གློག་ཤིང་བཤིག་པ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་བ་བཅས་བྱས་ཡོད། 2025ལོར་ཁྲེང་ཀོན་ཆུས་ཀྱིས་རིམ་རྩིས་བརྒྱབ་ན་རིགས་ཁག་གི་དམངས་འཚོའི་གནད་དོན་ཁྲི་1.2ལྷག་ཙམ་ཐག་གཅོད་བྱས་པ་དང་། 12345ཡི་གྲོང་ཁྱེར་དོ་དམ་རིགས་ཐེར་འདོན་བྱེད་ཚད་དུས་མཚུངས་ལས་32%ཆག་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་98%ཡན་ཟིན་ཡོད།
ཁྲེང་ཀོན་ཆུས་ཀྱིས“བཙོག་འགེབ་རྣམ་པའི”བཅོས་སྒྲིག་དོར་ནས“བཙོག་སེལ”གྱི་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ་སྒྲིག་འགལ་འཛུགས་སྐྲུན་རྒྱུན་རྣམ་ཅན་གྱི་སྒོ་ནས་བཤིག་པ་དང“སྦགས་བཙོག་གསུམ”བཅོས་སྒྲིག་བྱས་ཡོད། “གྲོང་ཁྱེར་གྱི་ཚོམས་ཆེན”37གྱི་དཔེ་སྟོན་ས་ཚིགས་རིམ་སྤོར་བྱས་པ་དང་། ནོར་སྟོད་སྡེ་ཁུལ་གྱི་བེད་མེད་ས་ཆ་དེ་སྤྲོ་གསེང་ཐང་ཆེན་དུ་སྒྱུར་བཀོད་བྱས་ནས་ཁྱིམ་མཚེས་མཉམ་འཛོམས་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། གྲོང་ཁྱེར་སྔོ་འགྱུར་གྱི“གསར་བསྒྱུར་ཕྲན་བུ”ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་སྡོང་སྐམ་རྐང་ཁྲི་1.5ལྷག་ཙམ་གཙང་སེལ་བྱས་པ་མ་ཟད། སྡོང་ཕྲུག་རྐང་ཁྲི་93ལྷག་ཙམ་གསབ་འདེབས་བྱས་པས་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.72མང་དུ་ཕྱིན་ནས“སྒེའུ་ཁུང་ནས་སྔོ་ལྗང་མཐོང་བ་དང་སྒོ་ཁར་སྤྱི་གླིང་ཡོད་པ”རྒྱུན་གཏན་ཞིག་ཏུ་གྱུར་ཡོད།
“ང་ཚོས‘སྤུས་ལེགས་གསུམ’གྱི་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་ནས‘ས་གནས་དེ་གའི་མི་རྣམས་སྤོབས་པ་སྐྱེ་བ་དང་ས་གནས་གཞན་གྱི་མི་རྣམས་ཡིད་སྨོན་བྱེད་པའི’སྡོད་མལ་ལ་འཚམ་པའི་གྲོང་གསར་འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་ཁྲེང་ཀོན་ཆུས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་བཤད། ད་ཆའི་ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་པ་དང་ཁྱིམ་མཚེས་དབར་འཆམ་ཞིང་མཐུན་པ་ཞིག་ཡོད། བཅོས་སྒྲིག་ཞིབ་ཚགས་ཅན་གྱིས་དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་ས་མཐོའི་གྲོང་གསར་གྱི་དམངས་འཚོ་ལེགས་སུ་གཏོང་བའི་ལེའུ་གསར་པ་རྩོམ་བཞིན་ཡོད།