02

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ། སྦྲང་གསོ་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་མཛད་སྒོ་འཚོགས་པ། 2026年02月19日

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱིས་སྦྲང་གསོ་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་མཛད་སྒོ་འཚོགས་པ་རེད།

“རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོར་སྒོར་161277དང་། རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོར་སྒོར་159651 ཤ་གསོས་ཤང་ཤ་གསོས་གྲོང་ཚོར་སྒོར་111405”སོཌ་ཁེ་སྤོགས་བགོ་བའི་དངུལ་གྲངས་རིམ་བཞིན་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས་ས་ཡུལ་དངོས་སུ་ཡོང་འབབ་གཡུར་དུ་ཟ་བའི་དགའ་སྤྲོའི་རྣམ་པས་ཁེངས། གྲངས་ཀ་རེ་རེ་ནི་འཕྱོངས་རྒྱས་རྫོང་སྦྲང་གསོའི་ཐོན་ལས་ཀྱིས་ལོ་གཉིས་ལྷག་ཙམ་གསོ་སྐྱོང་ཞིབ་ཚགས་བྱས་པའི་གཡུར་ཟའི་གྲུབ་འབྲས་རེད་ལ། ས་གནས་དེ་གའི་གྲོང་མིས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱས་པའི་དཔང་པོ་གསོན་ཉམས་ལྡན་པ་ཞིག་ཀྱང་རེད།

འཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། རྫོང་དེའི་སྦྲང་གསོའི་ཐོན་ལས་2023ལོར་ཚོད་ལྟ་བྱེད་འགོ་ཚུགས་ཤིང་། ལོ་གཉིས་ལྷག་ཙམ་རིང་གསོ་སྐྱོང་ཞིབ་ཚགས་བྱས་པས་གཞི་ཁྱོན་རགས་ཙམ་ཆགས་ཡོད། དེའི་རིང་རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་960བཏང་ནས་གསོ་སྤེལ་ཁྱབ་ཁོངས་ནི་ཐོག་མའི་དུས་ཀྱི་གྲོང་ཚོ་1ནས་གྲོང་ཚོ་12བར་རིམ་བཞིན་རྒྱ་སྐྱེད་བཏང་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཕྱེད་ཀ་ལྷག་ཙམ་ལ་ཁྱབ་ཡོད། མིག་སྔར། རྫོང་ཡོངས་སུ་སྦྲང་སྒམ་1970ཡོད་པ་དང་ཚད་ལྡན་ཅན་གྱི་སྦྲང་གསོ་བྱ་ཡུལ་12བསྐྲུན་པ་མ་ཟད། ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོར་དཔེ་སྟོན་གསོ་སྤེལ་དང་། ལག་རྩལ་ཁྱབ་གདལ། ཐོན་རྫས་ཞིབ་བཟོ་བཅས་གཞི་གཅིག་ཏུ་འདུས་པའི་ལྟེ་བའི་རྟེན་གཞི་བསྐྲུན་ནས་ཐུན་མོང་མ་ཡིན་པའི་ས་མཐོའི་ཁྱད་ཆོས་ལྡན་པའི་སྦྲང་གསོའི་རྣམ་པ་རགས་ཙམ་ཡང་ཆགས་ཡོད་པ་རེད།

ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གྲངས་གཞི་ལས་ཡར་རྒྱས་ལ་དཔང་པོ་བྱས་ཤིང་། 2023ལོར་ཡོང་འབབ་སྒོར་ཁྲི་41རག་པ་དང་། 2024ལོར་ཡོང་འབབ་སྒོར་ཁྲི་37.85ཟིན་པ། 2025ལོར་སྔོན་དཔག་བྱས་ན་སྒོར་ཁྲི་84.7ལས་བརྒལ་ཡོད་པ་རེད། ལོ་གསུམ་གྱི་རིང་། རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་170ཙམ་ཟིན་པ་དང་མ་འཇོག་ལ་ཁེ་སྤོགས་འཐོབ་ཚད་8%ཡན་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད། ཐོན་ལས་གཉེར་སྐྱོང་གི་འགན་འཁུར་བའི་བོད་ལྗོངས་སྦྲང་སྐད་མཚན་འགྲོགས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ལེང་ཧྥུས་ས་ཡུལ་དངོས་སུ་ཁེ་ལས་ཀྱིས“མཐའ་ཚད་འགན་སྲུང་དང་ཁེ་སྤོགས་བགོ་འགྲེམས”ཟུང་དུ་འབྲེལ་བའི་ལམ་སྲོལ་རྒྱུན་མཐུད་ལེགས་སུ་བཏང་ནས་སྦྲང་རྩིའི་སྤྱིན་ཐུམ་དང་སྦྲང་རྩིའི་སྦི་རག་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སྔར་བས་གསར་སྤེལ་བྱས་ཏེ“སྦྲང་ལས་དང་ཡུལ་སྐོར་གྱི་མཉམ་འདྲེས”འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་བྱས་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)