འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་འགྲིམ་འགྲུལ་བདེ་འཇགས་ལྟ་འདོམས་དང་དྲིལ་བསྒྲགས་རུ་ཆེན་གྱིས་གློག་སྒུལ་སྦག་སྦག་གི་ལག་ཁྱེར་རེ་ཞུ་བྱེད་མཁན་གྱི་དགོས་མཁོ་དངོས་ལ་གཞིགས་ནས་དམིགས་གཏད་ཅན་གྱི་ཞབས་ཞུ་ཚད་ལྡན་དུ་བཏང་བ་རེད།
དམིགས་གཏད་ཞབས་ཞུའི་ལས་དོན་མ་སྤེལ་གོང་། བདེ་འཇགས་དྲིལ་བསྒྲགས་རུ་ཆེན་གྱིས་འཁོར་རིགས་དོ་དམ་སུའོ་དང་བརྟག་ཞིབ་བྱ་ཡུལ་ཁོངས་གཏོགས་ཀྱི་ཁ་ལོ་བའི་སློབ་གྲྭ་དང་མཉམ་དུ་སྡེ་ཚན་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་སྟེ། ལས་རིགས་འཇུག་འཐུས་གོང་གི་སློབ་གསོ་དང་ཁ་ལོ་བའི་ཡིག་རྒྱུགས་གསོ་སྦྱོང་མཉམ་འགུལ་ལམ་སྲོལ་ལ་སྐུལ་འདེད་བཏང་བར་བརྟེན། ཁ་ལོ་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྨང་གཞིའི་བྱང་ཚད་མཐོ་རུ་ཕྱིན་པ་མ་ཟད། ལས་རིགས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཕྱིན་ཡོད།
བདེ་འཇགས་དྲིལ་བསྒྲགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ད་དུང་ཁོངས་གཏོགས་ཁུལ་གྱི་ཁ་ལོ་བའི་སློབ་གྲྭ་མང་པོར་བསྐྱོད་དེ་ཁ་ལོ་བའི་ཡིག་རྒྱུགས་གསོ་སྦྱོང་གི་ས་གནས་དངོས་སུ་སྦྲེལ་མཐུད་བྱས་པ། ཁ་ལོ་བའི་སློབ་གྲྭ་ཞིག་གི་འཁོར་རིགས་སྦྱོང་སར་མི་དམངས་ཉེན་རྟོག་པ་ཚོས་རླངས་འཁོར་གྱི་བདེ་འཇགས་ནུས་པ་དང་ཐིག་རིས་སོགས་ལ་ཞིབ་བཤེར་ནན་པོ་བྱས་པ་མ་ཟད། སློབ་མ་ཁག་གཅིག་གི་སྦག་སྦག་སྦྱོང་བའི་བརྒྱུད་རིམ་ལ་བལྟས་པ་དང་། ཁ་ལོ་བའི་སློབ་གྲྭས་མངགས་ཚོང་སྐྱེལ་བའི་ཚོགས་སྤྱིར་དམིགས་པའི་གསོ་སྦྱོང་གི་ནང་དོན་དང་། སློབ་དུས་དང་དགེ་རྒན་བཀོད་སྒྲིག དེ་བཞིན་འདས་སོང་གི་གསོ་སྦྱོང་ཕན་འབྲས་སོགས་ཀྱི་གནས་ཚུལ་དྲི་ཞིབ་བྱས་པ་རེད།
བདེ་འཇགས་དྲིལ་བསྒྲགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཁ་ལོ་བའི་སློབ་གྲྭའི་འགན་འཁུར་བར་གསོ་སྦྱོང་གི་བླང་བྱ་ཁ་གསལ་བཏོན་པ་མ་ཟད། གློག་དམར་འགལ་བ་དང་། ལྡོག་སྐྱོད། གཏན་འབེབས་ཀྱི་འཁོར་ལམ་དུ་མི་སྐྱོད་པ། བདེ་འཇགས་ཀྱི་རྨོག་ཞྭ་མི་གྱོན་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེ་གསལ་བཤད་བྱས་པ་དང་ཆབས་ཅིག ཐོལ་བྱུང་གི་དོན་རྐྱེན་ལ་ཁ་གཏད་གཅོག་ཐབས་ཀྱི་ཤེས་བྱ་བསླབས་ནས་གློག་སྒུལ་སྦག་སྦག་གཏོང་མཁན་ཚོར་ལག་ཁྱེར་བདེ་བླག་ངང་རག་ཐུབ་པ་དང་བདེ་འཇགས་ངང་སྐྱོད་ཐུབ་པར་བྱེད་པའི་ནན་བཤད་བྱས་པ་རེད།