ཉེ་ཆར་གཉེར་བའི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་གྱི་ར་མོ་ཤག་ཆེན་འཐུ་བའི་དུས་ཆེན་སྐབས་བཞི་པའི་བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྤོ་བོ་རྫོང་ཁྲལ་དོན་ཅུས་ཀྱི་ལས་དོན་པ་ལས་གྲུབ་པའི“ཁྲལ་རིན་དྲིལ་བསྒྲགས་ཡན་ལག་རུ་ཆུང”ཞིག་གིས་ར་མོ་ཤག་ཆེན་སྔོག་སའི་ནགས་ཁྲོད་དུ་བསྐྱོད་ནས་མང་ཚོགས་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བཞིན་ཡོད། ཁོང་ཚོས་བྱེད་སྟངས་བསྒྱུར་ནས་ཁྲལ་རིན་སྲིད་ཇུས་ཀྱི་ཟུར་ཁྲིད་དེ་ཐད་ཀར་ཐོན་ལས་ཀྱི་འཐབ་ས་དང་པོར་ཁྱབ་པར་བྱས་པ་རེད།
ཡན་ལག་རུ་ཆུང་དེའི་ཁོངས་མིས“གཅིག་གཏད་གཅིག་དང་དམར་ཁྲིད”བྱེད་པའི་བྱ་ཐབས་སྤྱད་དེ་ས་གནས་ས་ཐོག་གི་ཉོ་ཚོང་འཛིན་ཤོག་འབྲི་བའི་གོ་རིམ་ནས་མཉམ་ལས་ཁང་གིས་ལོངས་སུ་སྤྱོད་ཆོག་པའི་ཁྲལ་རིན་གྱི་གཟིགས་སྐྱོང་བར་སྲིད་ཇུས་ཀྱི་དོན་ཚན་དེ་དག་ཞིབ་ཕྲའི་བྱ་ཐབས་ནང་ཐད་ཀར་སྤྱད་པར་རིམ་རྩིས་བརྒྱབ་ན་ཁྱིམ་དུད་20ལྷག་ཙམ་གྱི་ཁྲལ་རིན་གྱི་དོགས་གཞིར་ལན་བཏབ་ཡོད།
སྤོ་བོ་རྫོང་ནི་བོད་ཤར་ལྷོའི་རོང་ཁུལ་དུ་གནས་པ་དང་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ནགས་ཁྲོད་འདེབས་འཛུགས་དེ་ས་གནས་ཀྱིས་གཙོ་གནད་འཕེལ་རྒྱས་གཏོང་བའི་ཁྱད་ལྡན་ཐོན་ལས་ཤིག་རེད། རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་ཇི་ལྟར་བསྒྱུར་བ་ནི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དོན་དངོས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་རེད། དེས་ན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྤོ་བོ་རྫོང་ཁྲལ་དོན་ཅུས་ཀྱིས་འགན་ནུས་གཞིར་བཟུང་ཞབས་ཞུ་ལེགས་སུ་བཏང་ནས“ཁྲལ་རིན་དྲིལ་བསྒྲགས་ཡན་ལག་རུ་ཆུང”བཙུགས་ཏེ་ཞིང་འབྲོག་པའི་འདེབས་འཛུགས་དུད་ཚང་དང་གྲོང་གསེབ་མཉམ་ལས་ཁང་གི“སྲིད་ཇུས་མི་ཤེས་པ་དང་བརྒྱུད་རིམ་གསལ་པོ་མེད་པའི”གནད་དོན་ལ་དམིགས་ནས“སྐར་ཁུང”ནས“ཞིང་ནང”དུ་བསྐྱོད་དེ་གནད་ལ་འཁེལ་བའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་ཉེ་བཅར་གྱི་ཁྲལ་དངུལ་ཞབས་ཞུར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།
རུ་ཆུང་དེས་ལས་སྒོའི་གནས་ཚུལ་དངོས་ལ་གཞིགས་པའི“ངོ་ཐུག་གདོང་འཕྲད”ཀྱི་ཟུར་ཁྲིད་བྱེད་སྟངས་སྤྱད་དེ་ནགས་ཁྲོད་ཐོན་ལས་གཉེར་ཡུལ་དུ་ལས་དོན་པས་ར་མོ་ཤག་ཆེན་སོགས་ཡུལ་ཟོག་ཉོ་ཚོང་དང་འཛིན་ཤོག་སྤྲོད་པ་སོགས་ཞིབ་ཕྲའི་ལྷུ་ཚིགས་དང་ཟུང་འབྲེལ་བྱས་ཏེ་ས་གནས་ས་ཐོག་ཏུ་བཀོལ་སྤྱོད་ཀྱི་བརྒྱུད་རིམ་གསལ་སྟོན་དང་། ཞིང་དུད་དང་གཉེར་སྐྱོང་བར་དེའི་སྐོར་ཁོང་དུ་བདེ་བླག་ཆུད་ཐུབ་པར་བྱས་པ་རེད།
སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”སེལ་རྒྱུ་ནི་རྨང་གཞི་ཡིན་པ་དང་། ཞབས་ཞུའི་དམིགས་ཚད་གཙོ་བོ་ནི་ཐོན་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་ཁྱབ་འགྱེད་ཕན་ནུས་སྐུལ་སྤེལ་བྱ་རྒྱུ་དེ་ཡིན། དེར་བརྟེན་སྤོ་བོ་རྫོང་ཁྲལ་དོན་སྡེ་ཚན་གྱིས“ཁྲལ་དོན་ཞབས་ཞུ་དང་། སྣེ་ཁྲིད་ཁེ་ལས། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”མཐུན་སྦྱོར་འཕེལ་རྒྱས་ཀྱི་འབྲེལ་ཐག་བཙུགས་ཏེ། ར་མོ་ཤག་ཆེན་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་པ་བརྒྱུད་ས་ཁོངས་ཡོངས་ཀྱི་འདེབས་འཛུགས་དུད་ཚང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་པ་རེད།
ཁྲལ་དངུལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གནད་སྨིན་ཞབས་ཞུར་བརྟེན་ནས་ར་མོ་ཤག་ཆེན་སྣེ་འདྲེན་ཁེ་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཐུབ་ཡོད། མིག་སྔར་སྤོ་བོ་རྫོང་ཡོངས་ཀྱི་ར་མོ་ཤག་ཆེན་འདེབས་འཛུགས་རྒྱ་ཁྱོན་མུའུ་2200ལྷག་ཙམ་བར་བརྟན་པོའི་ངང་འཕར་བ་དང་། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་36གི་ཞིང་འབྲོག་པ་འདེབས་འཛུགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པར་རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་ཁྲི་2100ཙམ་བྱུང་ཡོད་པ་རེད།