03

༄༅བརྩེ་མགུར་གཙང་མ་། 2026年02月08日

རྫ་ཤུལ་བློ་བཟང་།

ཁྱེད་རང་དགུང་སྔོན་དབྱིངས་ཀྱི་སྐར་མ་སྨིན་དྲུག །

སེམས་སུ་གཏན་དུ་གནས་པའི་འདང་གི་ཆ་ཡ། །

འཇིག་རྟེན་འདི་ནས་རྙེད་པའི་རིན་ཆེན་ནོར་བུ། །

ང་ལ་ཁྱོད་ལས་མེད་ཅེས་མནའ་ཚིག་བཞག་ཡོད། །

འདང་བརྩེའི་མཚོན་དོན་སྐར་མ་ཨ་བརྟན་འདྲ་ཡོད། །

ཕྱི་ཐག་རིང་བ་ཆུ་བོའི་བཞུར་རྒྱུན་ཡིན་ནོ། །

རང་སྲོག་དམར་པོའི་དཔུང་ཡ་ཁྱོད་རང་ཡིན་ཞེས། །

མནའ་ཚིག་རྡོ་ལ་བརྐོས་པ་ཁྱོད་ཀྱིས་ཨེ་ཤེས། །

དྲན་པའི་ཁྲག་གི་མཚོ་མོ་སེམས་སུ་འཁྱིལ་ན། །

མཚོ་མོའི་རྦ་རླབས་ནང་གི་མི་དེ་ཁྱོད་ཡིན། །

ཚེ་རབས་ལས་ཀྱིས་འཕྲད་པའི་སྨན་ཆུང་དེ་ལ། །

བརྩེ་སེམས་མཚོན་པའི་འཕྲིན་ཞིག་སེམས་ཀྱིས་བསྐུར་ཡོད། །

སྣ་ཚོགས་ཡིད་འཕྲོག་མཛེས་པའི་སྐྱེད་ཚལ་གྲུ་བཞིར། །

ཡིད་ཀྱི་གཏིང་ནས་འཁྲུངས་པའི་ཨུ་དུམ་ཝ་ར། །

ཁྲ་ཆུང་མིག་དང་འདྲ་བའི་བདག་གི་ཡོད་ཚད། །

དྲན་པ་མགུར་ལ་དྲངས་ནས་ཁྱོད་ལ་ཕུལ་ཡོད། །

ཚོར་བའི་ཡིག་འབྲུ་འཁྲུངས་དོན་ཁྱོད་ལ་ཐུག་ཡོད། །

ཚོར་གཞས་དབྱངས་སུ་གྱེར་དུས་ཁྱོད་ཀྱང་གྱེར་ཡོད། །

ཚོར་བ་བཟི་ཁ་བཙན་པས་ང་རང་མྱོས་སོང་། །

ཁྱོད་རང་དྲན་དུས་སེམས་ལ་རང་དབང་མི་འདུག །

མགུལ་དུ་བཏགས་པའི་གཟི་མིག་དགུ་པ་ཁྱོད་ཡིན། །

སེམས་སུ་ཉར་བའི་གཡུ་ཆུང་དྲུག་དཀར་ཁྱོད་ཡིན། །

གར་འགྲོ་གར་འདུག་ཡིད་མཁར་ཉར་བ་ཁྱོད་ཡིན། །

ང་ཡི་སྙིང་ཁར་བཞད་པའི་མེ་ཏོག་ཁྱོད་ཡིན། །

སྡུག་བསྔལ་ཞེ་ལ་ཐོགས་ཚེ་སུ་ཞིག་དྲན་ཡོང་། །

དྲན་གདུང་མེ་ལོང་ནང་གི་གཟུགས་བརྙན་གང་རེད། །

བརྩེ་བ་དྲོན་མོས་བསླས་པའི་མཛུབ་དཀྲིས་གཅིག་པུ། །

ཚེ་ཡི་དྲན་རྟེན་མཚོན་ཕྱིར་ཁྱོད་ལ་འབུལ་འདོད། །