03

༄༅ཞོགས་པའི་གླུ་། 2026年02月08日

ཨོ་ཏོག་བསྟན་ཉི།

ཟླ་བས་སྤྱན་མིག་ལྷོད་ཀྱིས་བཙུམས་པ་ན། །

སྐར་མའི་མིག་ཟུང་དེ་བཞིན་ག་ལེར་བཙུམས། །

ཟླ་སྐར་གཉིས་ཀ་གཟིམས་པའི་བར་སྐབས་དེར། །

ཉི་མས་སྤྱན་མིག་ཕྱེ་ནས་དལ་གྱིས་ཕེབས། །

ཐོག་མར་ཕུ་ཡི་གངས་རི་དཀར་པོའི་རྩེར། །

འབྲི་མར་སེར་པོ་བྱུགས་པ་འདྲ་ཞིག་མངོན། །

བར་དུ་ལ་རྩེའི་དར་ཤིང་སྐྱ་བོའི་ངོས། །

རིན་ཆེན་གསེར་ཁུ་བྱུགས་པ་འདྲ་ཞིག་གསལ། །

མཐའ་མར་ང་ཡི་གཡང་ཁྱིམ་གྲུ་བཞིའི་ནང་། །

འོད་དང་དྲོ་སྐྱིད་ཁྱེར་ཏེ་ཐོན་བྱུང་ངོ་། །

འདི་འདྲའི་དྲོད་ཅིག་ཁྱེད་ལས་སུ་ལའང་མེད། །

ང་ཚོའི་ཁྱིམ་དུ་ཕེབས་པར་བཀའ་དྲིན་ཆེ། །

ང་ཚོས་ཁྱེད་ལ་བསུ་མ་ཞུ་རྒྱུ་ཡིན། །

ང་ཚོའི་ཞོགས་ཇ་འོ་ཇ་མངར་མོ་ནི། །

ཐུལ་དཀར་འབྲི་མོའི་འོ་མ་དག་མ་ཡིན། །

ང་ཚོའི་ཞོགས་ཟས་སྦྲང་དཀར་རྩམ་པ་ནི། །

ཨ་ཁུ་ཞིང་པའི་ནས་འབྲུ་དངོས་ལས་བྱུང་། །

འོ་ཇ་རྩམ་པ་གཉིས་ཀྱིས་ཁྱེད་རང་བསུ། །

དེ་ནས་ཁྱེད་ལ་རྟེན་འབྲེལ་ཀུན་གྱི་འགོ །

སྨོན་ལམ་ཡོངས་ཀྱི་གཙུག་ཅིག་ཕུལ་ན་འདོད། །

ནམ་མཁའ་སྤྲིན་པ་དཀར་པོས་བཀང་ཡང་ཆོག །

ས་གཞི་གངས་དང་འཁྱགས་པས་བསྡམས་ཀྱང་ཆོག །

ཁྱེད་ཀྱི་འོད་དང་དྲོད་ནི་ང་ཚོ་དང་། །

གཏན་དུ་འབྲལ་བ་མེད་པའི་སྨོན་ལམ་འདེབས། །

ཁྱེད་རང་ནམ་ཡང་འཇིག་རྟེན་གོ་ལའི་སྒང་། །

ནུབ་པ་མེད་པའི་སྨོན་ལམ་ཡང་ཡང་འདེབས། །

ཞོགས་པ་རེ་རེ་རིམ་གྱིས་ཚེས་པ་ན། །

ཁྱེད་ཀྱི་འོད་མདངས་རེ་ཞིང་བསྒུགས་ནས་ཡོད། །

ཞོགས་པ་རེ་རེ་རིམ་གྱིས་ཤར་བ་ན། །

ཁྱེད་ཀྱི་དྲོ་སྐྱིད་རེ་ཞིང་བསྒུགས་ནས་ཡོད། །

འོད་ཀྱི་བདག་པོ་ནམ་ཡང་གནས་དགོས་སོ། །

དྲོད་ཀྱི་བདག་པོ་རྟག་ཏུ་བརྟན་དགོས་སོ། །