“ང་ཚོས་བོད་དུ་མྱུར་སྐྱེལ་ལས་རིགས་མེད་པ་ནས་ཡོད་པའི་བར་ཚད་བརྒལ་བྱུང་བ་མ་ཟད། ཡོད་པ་ནས་སྤུས་ལེགས་བར་མཆོང་སྐྱོད་བྱུང་བ་མིག་མཐོང་ལག་ཟིན་བྱུང”ཞེས་མྱུར་སྐྱེལ་ལས་རིགས་སུ་ལས་ཀ་ལོ་14བྱེད་མྱོང་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཉིང་ཁྲི་ཡོན་ཐུང་མྱུར་སྐྱེལ་སྤྱི་ཁྱབ་ཅིང་ལི་ལི་ཧྥུང་ཝེ་ཡིས་མྱོང་ཚོར་ཟབ་མོའི་ངང་གསུངས། གཞི་རིམ་གྱི་ལས་དོན་སྒྲུབ་མཁན་ཞིག་ནས་ཁེ་ལས་ཀྱི་འགན་འཁུར་བའི་བར་ཁོང་ནི་བོད་ཀྱི་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ཚུལ་དངོས་སུ་བརྒྱུད་མྱོང་མཁན་ཞིག་རེད་ལ་དེར་སྐུལ་འདེད་གཏོང་མཁན་ཞིག་ཀྱང་རེད།
དྲ་སྦྲེལ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་མྱུར་སྐྱེལ་ལས་རིགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། “ད་ཆ་ཉིང་ཁྲིའི་ཡོན་ཐུང་མྱུར་སྐྱེལ་གྱིས་ཆ་སྙོམས་ཉིན་རེར་བསྐུར་མ་འབྱོར་ཚད་ཁྲི་1ལྷག་ཙམ་ཟིན་གྱི་ཡོད”ལི་ཧྥུང་ཝེ་ཡིས་2025ལོར་ཉིང་ཁྲིར་བསྐུར་མ་འབྱོར་ཚད་ཁྲི་1666.2ཟིན་པ་དང་། བསྐྱལ་ཚད་ཁྲི་342.6ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ལི་ཧྥེང་ཝེ་ཡིས་སྔ་བར་ཕྱི་གསུམ་དུ“མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་། ངས་འཐུས་མི་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་ལག་ལེན་བསྟར་བཞིན་ཡོད། བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད་ཡོན་ཐུང་མྱུར་སྐྱེལ་གྱིས་ཉིང་ཁྲིའི་རྫོང་དང་ཆུས་དང་དེ་བཞིན་ཤང་དང་གྲོང་ཚོ་ཁག་གི་བསྐུར་མ་བསྐུལ་ཡུལ་ས་ཚིགས་ལ་རིག་ནུས་བསྐུར་མ་བླུག་སྒམ་60འཛུགས་རྒྱུར་སྐུལ་མ་བཏང་ཡོད། མིག་སྔར། ཉིང་ཁྲིར་གྲོང་ཚོའི་སྦྲག་ལས་ས་ཚིགས་436ཡོད་པ་དང་སྦྲག་ལམ་སྣ་ཚོགས་98ཤར་གཏོང་གིས་བོད་དུ“གྲོང་ཚོ་ཚང་མར་མྱུར་སྐྱེལ་ཡོངས་ཁྱབ”ཐུབ་པ་སྔོན་ཚུད་ནས་མངོན་འགྱུར་བྱུང་ཡོད།
དབྱར་ཁ་ནི་ཉིང་ཁྲིའི་ཡུལ་ཟོག་ཐོན་ཚོང་བྱེད་མང་བའི་དུས་ཡིན་པས། ཡོན་ཐུང་མྱུར་སྐྱེལ་བས་མི་མེད་གནམ་གྲུར་བརྟེན་ནས་མེ་ཏོག་གི་ཇ་ལོ་དང་། སྤོ་བོའི་བེ་ཤ་སོས་པ་སོགས་རི་ཁུལ་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད། ཉིང་ཁྲི་ནས་ཐར་ཀར་རྒྱལ་ཡོངས་སུ་གཏོང་ཐུབ་པ་དེས་ས་མཐོའི་ཟས་རིགས་རྒྱུ་ཆ་སོས་པ་འཛད་སྤྱོད་པའི་གསོལ་ལྕོག་ཐོག་ཐད་ཀར་སྐྱེལ་ཐུབ་ཀྱི་ཡོད། 2025ལོར་ཉིང་ཁྲིའི་མྱུར་སྐྱེལ་ཐབས་ལམ་བརྒྱུད་སྒོར་དུང་ཕྱུར་6རི་བའི་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་བྱས་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཕན་ཐོགས་དང་པ་ཚེས་ཞུས)