ཉེ་ཆར། མ་བུ་གཉིས་སྤུ་ཧྲེང་རྫོང་མི་དམངས་ཁྲིམས་ཁང་དུ་ཡོང་ནས་རོགས་སྐྱོབ་ཀྱི་རེ་ཞུ་བྱས་པར། གྱོད་དོན་ཐོ་འགོད་ཁྲིམས་རའི་ལས་བྱེད་པ་དང་ཉེན་རྟོག་པས“རང་ཉིད་ཀྱིས་གཏུག་བཤེར་བྱེད་པ་ལྟར”གྱི་ཁྲིམས་འཛིན་འདུ་ཤེས་ལ་བརྟེན་ནས་དོ་བདག་གི་གནས་བབ་ཐོག་ནས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ། འཁྱགས་ནས་ཁ་འདར་ཤོར་བཞིན་པའི་མ་བུ་གཉིས་ལ་ཤོག་ཕོར་ནང་ཆུ་ཁོལ་མ་བླུགས་ནས་ངང་རྒྱུད་རིང་པོས་སེམས་གསོ་གཏོང་ཞོར་ཁྱིམ་ཚང་གཏུམ་སྤྱོད་ཀྱི་དོན་དངོས་ལ་འཕྲལ་དུ་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། གྱོད་གཞི་དེའི་ནང་གི་ཨ་མར་དུས་ཡུན་རིང་པོ་ཁྱིམ་ཚང་གཏུམ་སྤྱོད་ཕོག་ནས་མ་བུ་གཉིས་ཀྱི་མི་ལུས་བདེ་འཇགས་ལ་རྒྱུན་མཐུད་འཇིགས་སྐུལ་ཕོག་པས། སྤུ་ཧྲེང་རྫོང་མི་དམངས་ཁྲིམས་ཁང་གིས་ཉིན་དེ་རང་དུ་ཁྲིམས་ལྟར་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱ་བཏང་སྟེ། གནོད་འཚེ་ཕོག་མཁན་ལ་སྲུང་སྐྱོབ་གང་མགྱོགས་ཐུབ་པར་བྱས་པ་རེད།
སྲུང་སྐྱོབ་བཀའ་རྒྱ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་ཆེད། ཁྲིམས་ཁང་དེས་འཕྲལ་མར་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་གྲོང་ཚོ་ཨུ་ལྷན་མཉམ་སྒུལ་བྱས་ཏེ། རླངས་འཁོར་བཏང་ནས་སྤྱི་ལེ་100ཡི་སར་བསྐྱོད་དེ་གཏུམ་སྤྱོད་སྤེལ་མཁནགྱི་སྡོད་གནས་ལ་ཡིག་ཆ་སྐྱེལ་བར་ཕྱིན་པ་རེད། ཁྲིམས་འཛིན་མི་སྣས་གཏུམ་སྤྱོད་སྤེལ་མཁན་ལ་ཁྱིམ་ཚང་གཏུམ་སྤྱོད་ཀྱི་བཅའ་ཁྲིམས་ཀྱི་མཇུག་འབྲས་གསལ་བཤད་ནན་པོ་བྱས་པ་མ་ཟད། ད་དུང་ཁྱིམ་ཚང་འཆམ་མཐུན་དང་བུ་ཕྲུག་འཚར་ལོངས་ལ་དམིགས་ནས་བསམ་བློའི་སློབ་གསོ་བརྒྱབ་སྟེ། གཏུམ་སྤྱོད་སྤེལ་མཁན་གྱིས་རང་ཉིད་ཀྱི་བྱས་ཉེས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་འབྱུང་རྩ་ནས་གནོད་སྐྱོན་འགོག་ཐུབ་པར་བྱས་པ་རེད།
མ་བུ་གཉིས་ལ་གནས་སྐབས་བདེ་འཇགས་ཀྱི་སྡོད་གནས་མེད་པར་བསམ་གཞིག་བྱས་ནས་སྤུ་ཧྲེང་རྫོང་མི་དམངས་ཁྲིམས་ཁང་གིས་འཕྲལ་མར་ཁྲིམས་ཁང་གི་ཁྱིམ་ཚང་གཏུམ་སྤྱོད་ཉེན་གཡོལ་ཁང་པ་བཀོད་སྒྲིག་བྱས་པ་དང་མ་བུ་གཉིས་ལ་སྐབས་འཕྲལ་གྱི་སྡོད་གནས་དང་འཚོ་བའི་མཁོ་ཆས་སྤྲད་པ་རེད། ད་དུང་ལས་བྱེད་པ་དང་ཉེན་རྟོག་པས་རང་འགུལ་ངང་མ་དངུལ་ཞལ་འདེབས་བརྒྱབ་སྟེ་མ་བུ་གཉིས་ཀྱི་འཚོ་བའི་དཀའ་ངལ་སེལ་གང་ཐུབ་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་རྒྱུན་མཐུད་སྤེལ་བ་དང་ཆབས་ཅིག ཁྱིམ་ཚང་གཏུམ་སྤྱོད་ནི“ཁྱིམ་དོན”མིན་པའི་འདུ་ཤེས་ལ་སྔར་བས་ངོས་འཛིན་ཐུབ་པ་དང་སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད།
ད་ཐེངས་ཀྱི་རོགས་སྐྱོབ་གྱོད་གཞི་ལས་ཁྲིམས་འཛིན་གྱི་ནུས་ཆེའི་དབང་གྲགས་མངོན་པ་མ་ཟད། ཁྲིམས་འཛིན་གྱི་དྲོ་སྐྱིད་ཀྱང་བརྒྱུད་སྤྲོད་ཐུབ་ཡོད། ཞིབ་ཆ་རེ་རེ་ལས་དམངས་ཆེད་ཁྲིམས་འཛིན་གྱི་དོ་ཁུར་མངོན་པ་མ་ཟད། ཁྱིམ་ཚང་གཏུམ་སྤྱོད་ཕོག་མཁན་མ་བུ་གཉིས་ཀྱི་བདེ་འཇགས་ལའང་འགན་ལེན་བྱས་པ་རེད།