འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རྣམ་པའི་ཕྱོགས་བསྡུས་ལག་ལེན་རྟེན་གཞིས“2026ལོའི་སྤྱི་ཕན་རང་བཞིན་གྱི་དགུན་གསེང་ཕྱོགས་བསྡུས་ལག་ལེན་གྱི་དམིགས་བསལ་སྦྱོང་བརྡར་སྒར་ས”དངོས་སུ་སྤེལ་འགོ་ཚུགས་པ་རེད།
ཐེངས་འདིའི་དམིགས་བསལ་སྦྱོང་བརྡར་སྒར་སས་དུས་རབས་གསར་པའི་མི་སྐྱོང་དམིགས་ཚད་ལ་ནན་པོར་གཞིགས་ནས་ཁྱད་ལྡན་སློབ་ཚན་18ཚུད་པའི་སློབ་ཚན་མ་ལག་ཇུས་འགོད་ཞིབ་ཚགས་བྱས་ཡོད་པ་དང་། སློབ་ཚན་དེ་དག་ཁྲོད་དུ་ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། ཕིང་ཕང་སྤོ་ལོ་སོགས་ལུས་རྩལ་རྣམ་གྲངས་ཡོད་པ་མ་ཟད། ད་དུང་བོད་ཀྱི་མིག་མངས་དང་ཝེ་ཆི་མིག་མངས་སོགས་སྲོལ་རྒྱུན་གྱི་བློ་རིག་སྐྱེད་པའི་སློབ་ཚན་ཡང་ཡོད་པས། སློབ་མའི་གཏན་ཚིགས་དང་མཐུན་པའི་བསམ་གཞིག་དང་། བློ་རྩེ་གཅིག་ཏུ་སྒྲིམ་ནུས། སེམས་ཀྱི་བཟོད་པ་བཅས་ཆེ་རུ་གཏོང་བར་ཕན་པ་ཡོད། སློབ་ཚན་ཚང་མ་འཛིན་གྲྭ་ཆུང་ངུ་དང་རིམ་པ་མང་པོར་ཕྱེ་ནས་སློབ་ཁྲིད་བྱེད་ཀྱི་ཡོད། དཔེར་ན། ལན་ཆིའུ་སྤོ་ལོ་དང་སྒྲ་སྙན་དཀྲོལ་གཏོང་སོགས་སློབ་མའི་རྨང་གཞིར་གཞིགས་ནས་འཛིན་གྲྭ་དབྱེ་སྟེ་ལོ་5ནས་17བར་གྱི་ན་སོ་མི་འདྲ་བའི་གཞོན་ནུ་ལོ་ཆུང་ཚོའི་འཚར་ལོངས་ཀྱི་དགོས་མཁོ་དང་སྤྲོ་སྣང་གི་ཁྱད་ཆོས་ལ་འཚམ་པར་བྱས་ཡོད་པ་རེད།
སྒར་ས་སྤེལ་འགོ་ཚུགས་ཡུལ་དུ་ཁྱིམ་བདག་ཚོས་དམིགས་བསལ་སྦྱོང་བརྡར་སྒར་སར་ཚད་མཐོའི་ཁས་ལེན་བྱས་པ་དང་། ཕྲུ་གུ་མི་རིགས་དམངས་ཁྲོད་ཞབས་བྲོའི་སློབ་ཁྲིད་ཉན་པར་བཏང་བའི་ཁྱིམ་བདག་བསོད་ནམས་ཆོས་སྒྲོན་གྱིས“སྤྱི་ཕན་རང་བཞིན་གྱི་དམིགས་བསལ་སྦྱོང་བརྡར་སྒར་ས་འདིར་ཕྲུ་གུ་ཚོས་རྩལ་ནུས་གསར་པ་སྦྱོང་ཐུབ་པ་མ་ཟད། ད་དུང་གྲོགས་པོ་གསར་པ་ཡང་ངོ་ཤེས་ཐུབ་པས། ང་ཚོ་ཁྱིམ་བདག་བློ་ཧ་ཅང་བདེ་པོ་འདུག རྟེན་གཞིས་ལས་སྟེགས་འདི་འདྲའི་ཡག་པོ་ཞིག་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
ཐེངས་འདིའི་སྤྱི་ཕན་རང་བཞིན་གྱི་ལག་ལེན་བྱེད་སྒོའི་སྒར་ས་སྤེལ་འགོ་ཚུགས་ཉིན་སློབ་ཕྲུག་300ལྷག་ཙམ་ཞུགས་པ་དང་། ཐེངས་འདིའི་དམིགས་བསལ་སྦྱོང་བརྡར་སྒར་སའི་དམིགས་ཡུལ་ནི་ཁུར་པོ་ཉུང་དུ་གཏོང་བ་དང་། ཕན་འབྲས་ཆེ་རུ་གཏོང་བ། བྱང་ཚད་ཕྱོགས་སྟོན་དུ་བྱེད་པ་བཅས་ཀྱི་དགུན་གསེང་རིང་གི་འཚར་ལོངས་བར་མཐོངས་ཤིག་བསྐྲུན་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཀྱི“སློབ་གསོ་ལྔ་མཉམ་སྤེལ”གྱི་ལག་ལེན་མྱོང་བ་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོ་ཤེས་སྤྱོད་གཅིག་མཐུན་ཁྲོད་ལུས་སེམས་བདེ་ཐང་དང་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།