06

དམངས་ཀྱི་གནས་ཚུལ་ཤེས་རྟོགས་ཏན་ཏིག་བྱེད། དམ་འཛིན་དངོས་སྒྲུབ་དམངས་སེམས་དྲོ་བར་བྱེད། —— ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཁྲོམ་གཞུང་གི་གྲོང་སྡོད་གནས་སྐབས་ཏང་ཀྲི་པུས་བརྟག་ཞིབ་བྱས་འབྲས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ། 2026年01月28日

“ཉིན་བརྒྱའི་རིང་གྲོང་ཚོར་རྟོག་ཞིབ་ཆེན་པོ་བྱེད་པའི”བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གི་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའི་ཏང་ཡོན་གྱིས“དམངས་ཀྱི་གནས་ཚུལ་འཁོད་པའི་ཉིན་ཐོ”ཁྱེར་ནས་ཁོངས་གཏོགས་ཁུལ་ཚང་མར་བསྐྱོད་ཡོད། ཁོང་ཚོས“གོམ་སྟབས་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དངོས་སྒྲུབ་ལ་བརྟེན་ནས་དམངས་སེམས་དྲོ་བར་བྱས”པའི་གནས་ཚུལ་ཟིན་བྲིས་སུ་བཀོད་ནས་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་གནད་དོན་རེ་རེ་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དུ་བསྟར་ཡོད།

དམངས་ཀྱི་གནས་ཚུལ་གསལ་པོ་རྟོགས་པར་བྱས་པ།

སྤྱི་ལེ་ངོས་གྲུ190.6ཡོད་པའི་ཁོངས་གཏོགས་ཁུལ་གྱི་དྲ་མིག་ཚགས་དམ་པ་དང་། མི་སྣའི་གྲུབ་ཆ་རྙོག་འཛིང་ཆེ་བ་བཅས་ཀྱི་མིག་སྔའི་གནས་ཚུལ་ལ་དམིགས་ནས། ཚལ་གུང་ཐང་ཁྲོམ་གཞུང་གི་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའུ་ཡིས“རྩེ་རིམ་ཇུས་འགོད་དང་། གནད་སྨིན་ལག་བསྟར། ལས་མི་ཡོངས་ཞུགས་པ་བཅས་ཟུང་དུ་འབྲེལ་བའི”ལས་ཀའི་མ་ལག་ཆགས་པར་བྱས་ཡོད། ཏང་ཀྲི་པུས“ཙུའུ་ཀྲང་གཅིག་གིས་སྤྱི་ཡོངས་དམ་འཛིན་དང་ཚོགས་མི་མང་པོར་འགན་འཁྲི་བགོ་བའི”རྣམ་པ་གསར་པ་སྤྱད་ནས་འགན་འཁྲི་མི་ཚང་མར་དཀྲིས་ཏེ་ཆེད་བསྐོས་དྲ་མིག་པ་64དང་དྲ་དཔོན་29ལས་གྲུབ་པའི་ཞབས་ཞུའི་དྲ་རྒྱ་འཁོར་རྒྱུག་ནུས་ལྡན་ཐུབ་པར་བྱས་ཡོད།

འཚམས་འདྲི་བྱེད་པ་ནི་རྣམ་པ་ཙམ་མིན་པར་ཐབས་ཤེས་སྤྱོད་མཁས་པོ་དང་གནད་ལ་འཁེལ་པོ་ཡོང་བར་བྱེད་དགོས། དོན་དངོས་ཀྱི་ལས་དོན་ཁྲོད། ཚལ་གུང་ཐང་ཁྲོམ་གཞུང་གི་གྲོང་སྡོད་གནས་སྐབས་ཏང་ཀྲི་པུས“འཚམས་འདྲི་ཁག་གསུམ”གྱི་ལས་ཀའི་བྱ་ཐབས་ཕྱོགས་སྡོམ་བྱས་པ་སྟེ། དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་སོགས་གཙོ་གནད་ཚོགས་སྤྱིར“སྒོ་རྩར་བསྐྱོད་ནས་གཙོ་གནད་འཚམས་འདྲི”བྱས་ཏེ་གནད་ལ་འཁེལ་བའི་ཐུགས་ཁུར་དང་། རྒྱུན་སྡོད་མི་འབོར་ལ“ཡོངས་ཁྱབ་འཚམས་འདྲི”བྱས་ཏེ་དུད་ཚང་གཅིག་ཀྱང་མི་ལུས་པའི་འགན་ལེན་དང་། ཕྱིར་གླ་པ་རྒྱུག་པར་འགྲོ་མཁན་ལ“ཁ་པར་དང་བརྙན་ལམ་ཟུང་འབྲེལ་གྱི་རྒྱང་རིང་འཚམས་འདྲི”བྱས་ནས་ཐུགས་ཁུར་ཟབ་མོ་མཚོན་པར་བྱས་པ་རེད།

དངོས་སྒྲུབ་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།

ཚལ་གུང་ཐང་དྲིན་སྐྱོང་གླིང་སྡེ་ཁུལ་དུ་མ་དངུལ་སྒོར་600ལྷག་ཙམ་བཏང་བའི་དབུལ་སྐྱོར་འཁོར་ཁང་ཞིག་ཡོད་པ་དེ་སྐབས་ཤིག་རིང་བེད་མེད་དུ་གྱུར། གྲོང་སྡོད་ལས་དོན་རུ་ཁག་གིས་གནས་ཚུལ་དེ་ཤེས་རྗེས་སེམས་ཁྲལ་ཆེན་པོ་བྱས་ནས་ཁྲེང་ཀོན་ཆུས་ཞིང་ལས་ཆུ་བེད་ཅུས་ཀྱི་མ་དངུལ་སྒོར་ཁྲི་35ཡི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཡར་འབྲོག་དམངས་ཕན་དབང་པོ་སྐྱོན་ཅན་ཆེད་ལས་འཚེམ་བཟོ་ཚད་ཡོད་ཀུང་སི་དང་མཉམ་དུ་མི་རིགས་ལག་ཤེས་བཟོ་རྩལ་གཉེར་སྐྱོང་རྣམ་གྲངས་བཏོད་པ་རེད། ད་ཆ་འཁོར་ཁང་དེ་དབང་པོ་སྐྱོན་ཅན་དང་། དཀའ་ངལ་ཆེ་བའི་མང་ཚོགས། སློབ་ཆེན་སློབ་མ་བཅས་ཀྱི་ལས་ཞུགས་འབབ་འཕར་གྱི་རེ་བ་གསར་པར་གྱུར་ཡོད།

མང་ཚོགས་ཀྱི་འབོད་སྒྲ་ནི་བྱ་སྤྱོད་ཀྱི་སྟོབས་ཤུགས་ཡིན། དྲིན་སྐྱོང་གླིང་གི་གནས་སྤོས་སྡོད་ཁང་ལ་སེར་ག་ཤོར་བའི་སེམས་ཁྲལ་སེལ་ཆེད་ལས་དོན་རུ་ཁག་གིས་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་དང་མཐུན་སྦྱོར་བྱས་ཏེ་ཆེད་ལས་གསལ་འབྱེད་བྱས་ནས་གྲོང་མི་བློ་བདེ་པོ་ཡོང་བར་བྱས་པ་རེད། གཞིས་ལུས་བྱིས་པའི་སློབ་གྲྭ་གྲོལ་རྗེས་ཀྱི“ལྟ་སྐྱོང་དཀའ་བའི”གནད་དོན་ལ་དམིགས་ནས། ཁོང་ཚོས“ཉི་འོད་བཅོལ་ཉར་ཞབས་ཞུ”དང“ཉི་གཞོན་སློབ་ཚན”དུས་ཐེངས་22གསར་གཏོད་བྱས་ནས་གཉེར་བ་དང་མི་ཐེངས་400ཡི་སྙིང་ཉེ་བའི་ཞབས་འདེགས་ཞུས་པར་བརྟེན་ནས་ཁྱིམ་བདག་གི་སེམས་ཁྲལ་བསལ་ཡོད། དཔལ་སྡིངས་གྲོང་ཚོའི་གྲོང་མིར་འགྱངས་ཆད་བྱས་པའི་འཕྲུལ་ཆས་གྲོན་དངུལ་སྒོར་ཁྲི་320ཡི་གནད་དོན་ཐག་གཅོད་བྱ་ཆེད། ཁོང་ཚོས་རང་འགུལ་ངང་ཕྱོགས་མང་པོ་དང་འབྲེལ་གཏུགས་བྱས་མཐར་གྲོང་མིར་དངུལ་དེ་དག་རག་པ་རེད།

ལམ་སྲོལ་འགན་ལེན་བྱས་ནས་རྒྱུན་གཏན་གྱི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

ཚལ་གུང་ཐང་ཁྲོམ་གཞུང་གི་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའུ་ཡིས་སྐད་གཉིས་ཤན་སྦྱར་ལམ་ནས་དྲིལ་བསྒྲགས་དང་བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་ཀྱི་རྣམ་པ་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་ས་བོན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། སྡེ་ཁུལ་གྱི་རྩ་འཛུགས་དང་། དུད་སྦྲེལ་སྤྱི་མི། དང་བླངས་པ་བཅས་ལས་གྲུབ་པའི་ཆེད་དོན་དཔུང་ཁག་བཙུགས་པ་དང་། “མངོན་མེད་རྐྱེན་ངན་གྱི་རྩིས་ཐོ་དང་། ཐོ་སུབས་བཅོས་སྒྲིག ཕྱིར་སློག་བསྐྱར་ཞིབ་བཅས་ཟུང་དུ་འབྲེལ་བའི”གདུབ་ཟུམ་བཙུགས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།

ཤན་ཁ་སྡེ་ཁུལ་གྱི་ཆུ་ཀ་ལ་དང་འགྲོ་ལམ་ཉམས་གསོ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཚལ་གུང་ཐང་ཁྲོམ་གཞུང་གི་གྲོང་སྡོད་གནས་སྐབས་ཏང་ཀྲི་པུས“གནད་དོན་རྩིས་ཐོ་གསར་བརྗེས་དང་སྡེ་ཚན་མཐུན་སྦྱོར་མཉམ་འགུལ”གྱི་ལམ་སྲོལ་བཙུགས་ནས་འགན་འཁྲི་ཁ་གསལ་དང་དུས་བཀག་ལྟར་ཐག་གཅོད་བྱས་པ་རེད། རྙོག་འཛིང་ཆེ་བའི་ཐོན་ལས་རྣམ་གྲངས་ལ“རྣམ་གྲངས་གཅིག་ལ་ཇུས་གཞི་གཅིག”ལག་བསྟར་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད།

ཚལ་གུང་ཐང་ཁྲོམ་གཞུང་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའི་འགན་འཁུར་བས། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེ་མོར་འགན་འཁྲི་ཧུར་ཐག་ཁུར་ཏེ་དངོས་སྒྲུབ་ལ་བརྟེན་ནས་དམངས་ལ་དྲོ་སྐྱིད་སྦྱིན་ཐུབ་པ་བྱེད་ཀྱི་ཡིན། “གནད་དོན་གྱི་གསལ་ཐོ”དག་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་རྩིས་ཐོར”བསྒྱུར་ནས་ཁྲེང་ཀོན་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲོ་སྐྱིད་ལྡན་པའི་རྨང་གཞི་འདིང་གི་ཡིན་ཞེས་བརྗོད་པ་རེད།

(བསོད་བདེ་གཞོན་པ་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)