04

“རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང”འཕྱོངས་རྒྱས་རྫོང་། བདེ་སྐྱིད་འཚོ་བར་སྣུམ་ཞག་འཁྱིལ། ཡར་ཀླུང་ས་གཞིའི་རྣམ་པ་མཚར། 2026年01月18日

“ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུས་ཤིང་། འཕྱོངས་རྒྱས་ཀྱི་ཡངས་པའི་ས་གཞིར་མི་རྣམས་ཀྱིས་དཀའ་སྤྱད་ཀྱི་འབྲས་བུ་ལོངས་སུ་སྤྱོད་ཞོར་ངར་ཤུགས་ཀྱི་རྣམ་པ་ཟབ་མོ་ཞིག་མངོན་འོང་།

ན་ནིང་སྟོན་བསྡུའི་སྐབས། ཡུལ་མི་པ་སངས་ཚེ་རིང་ལ་རང་ཉིད་ཀྱི་ནས་ཞིང་མུའུ་རེ་ནས་ཆ་སྙོམས་འབྲུ་རྒྱ་མ་14.69འཕར་མ་བསྡུ་རྒྱུ་བྱུང་བ་དང་། རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་རྒྱ་མ་ཁྲི་2473.23ཟིན་ནས་2020ལོ་ལས་རྒྱ་མ་ཁྲི་370.53མང་དུ་ཕྱིན་ཡོད།

སོན་བཟང་ཁེབས་ཚད་95%ཡན་བརྟན་པོ་བྱུང་བ་དང་། ཞིང་འདེབས་དང་སྟོན་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་84%ཟིན་ཡོད། གྲངས་ཀ་དེ་དག་ལས་འཕྱོངས་རྒྱས་ལ་ལོ་ལེགས་བྱུང་བ་ཤུགས་ནས་མཐོང་ཐུབ།

ཆང་ཁྱིམ་ནས་ཆང་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་བ།

ཆང་ཁྱིམ་ནས་ཆང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་ཆོས་སྒྲོན་གྱིས་ལོ་ངོ་སྟོང་ཕྲག་བརྒྱུད་པའི་ཆང་སྙོལ་སྟངས་རྒྱུན་འཛིན་བྱེད་མུས་རེད། སྔོན་མ་ཆང་ཁང་ཆུང་བས་ཆང་མང་པོ་སྙོལ་ཐུབ་ཀྱི་མེད།

ཕྱིས་སུ་རྫོང་གིས་མ་དངུལ་སྒོར་ཁྲི་947.6བསྡུ་སྒྲིལ་བྱས་ནས་ཆང་ཁང་རྒྱ་སྐྱེད་བཏང་བ་རེད། “ད་ཆ་དེང་རབས་ཅན་གྱི་སྒྲིག་ཆས་ཡོད་ལ། ཆང་གི་བྲོ་བ་སྔོན་མ་ནང་བཞིན་ཡོད་པས་ཧ་ཅང་བྲིན་ཁ་རྒྱུག་པོ་འདུག”ཅེས་ཚེ་རིང་ཆོས་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་བཤད།

ནས་ཆང་ཙམ་མ་ཟད། ད་ཆ“ཞོལ་ཁང་འབྲི་གཡག”དང“ཤ་གསོས་ཤང་གི་བྲ་བོ”ཡང་སྐད་གྲགས་ཆོད་ཡོད། སྟོད་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་ཞིང་། གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་རྩིས་རྒྱག་བཞིན“གྲོང་ཚོ་20ཚང་མར་ཡོང་འབབ་སྒོར་ཁྲི་15ལྷག་ཙམ་ཟིན་འདུག ཡུལ་མི་རྣམས་ལ་བགོ་འགྲེམས་མང་པོ་རག་རྒྱུ་རེད”ཅེས་བཤད།

ཆང་ཁྱིམ་གྲོང་ཚོར་ཡུལ་སྐོར་འགྲུལ་པས་ཁེངས་པ།

ཡུལ་མི་སྒྲོལ་མས་བོད་ཁྱིམ་སྤྲོ་ཁང་ཞིག་བརྒྱབ་ཅིང་། “སྔོན་མ་ཞིང་ཁ་འདེབས་པ་ཁོ་ནར་བརྟེན་པས་ཡོང་འབབ་མང་པོ་མེད། ད་ཆ་རང་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་སྒྲོལ་མས་བཤད། 2024ལོར་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་17.83ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་བསྟུད་མར་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བྱུང་ཡོད།

འཕྱོངས་རྒྱས་ཀྱི་མཛེས་པའི་ཡུལ་ལུང་དེ་བས་ངོ་མཚར་ཅན་ལ་གྱུར་བ།

གཞུང་ལམ་སྒོ་རྩ་བར་བཏིང་ཞིང་། སྤྱི་ལེ་184ཡི་གཞུང་ལམ་དྲ་བ་སྲིད་འཛིན་གྲོང་ཚོ་དང་རང་བྱུང་གྲོང་ཚོ་ཚང་མར་ཁྱབ་ནས་ཁྱབ་ཚད་100%ཟིན་པ་དང་། དུད་ཚང་3372ཀྱི་གསང་སྤྱོད་སྒྱུར་བཀོད་བྱས་ནས་སྒྱུར་བཀོད་བྱས་ཚད་100%ཟིན་པ། “ལྗང་མདོག་དངུལ་ཁང”གི་སྐར་གསོག་བྱེད་ཐབས་ཀྱིས་ཡུལ་མི་ཚོར་སྐུལ་མ་ཐེབས་ནས་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་བྱས་ཚད་100%ཟིན་ཡོད།

“ཤེས་དཔལ་ལག་ལེན་དངུལ་ཁང”གི་སྐར་གསོག་ལ་ཡུལ་མི་ཚོས་མཐོང་ཆེན་པོ་བྱེད་ཅིང་། བྱ་བཟང་བསྒྲུབས་ན་སྐར་མ་གསོག་ཆོག་པ་དང་། བསགས་པའི་སྐར་མ་དང་འཚོ་བའི་མཁོ་ཆས་བརྗེ་པོ་རྒྱག་ཆོག་པས། ཡུལ་མི་ཚོ་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། འཕྱོངས་རྒྱས་རྫོང་འདི་ཉིད“དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང”ལ་བསྟུད་མར་ཐེངས་བཞི་བདམས་ཡོད།

འབབ་འཕར་ལམ་བུར་མི་གཅིག་ཀྱང་ལུས་མེད་པ།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྫོང་ཡོངས་སུ་རྩལ་ནུས་གསོ་སྦྱོང་ཐེངས་119བྱས་པར་མི་ཐེངས་3800ལྷག་ཙམ་ཞུགས་པ་དང་། དེའི་ཁྲོད་ཆོས་སྒྲོན་གྱིས་འཚེམ་བཟོ་སྦྱངས་ཏེ། ན་ནིང་རང་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད།

གྲངས་གཞི་ལས་ཡོང་འབབ་ཀྱི་གནས་ཚུལ་ཤེས་ཐུབ་སྟེ། 2024ལོར་འཕྱོངས་རྒྱས་རྫོང་གི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24417ཟིན་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ་དང་། དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་22009ཟིན་པ་དེ་2020ལོ་ལས་81.8%འཕར་ཡོད།

ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་ལ“རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང”དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང”སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བཅུ་ལྷག་ཙམ་ཐོབ་ཡོད།

འཕྱོངས་རྒྱས་རྫོང་གི་གྲོང་གསེབ་དར་རྒྱས་འགྲོ་ཚུལ་ས་མཐོའི་ས་གཞི་ཡངས་པོ་ནས་མཐོང་ཐུབ་ལ། ཞིང་འབྲོག་མང་ཚོགས་ཀྱི་གདོང་ལས་འཕྱུར་བའི་འཛུམ་མདངས་ནས་ཀྱང་མངོན་བཞིན་ཡོད།

(སྐལ་མཆོག་གིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)