03

༄༅། །ལོ་གསར་པར་ཕུལ་བའི་སྨོན་འདུན། 2026年01月18日

རྡོ་རྗེ་ཐར་ལམ།

གནམ་ལོ་གསར་ཚེས་དུས་ལ། །

རྟེན་འབྲེལ་ཁ་གཡང་ཞུས་ཡོད། །

ཚིག་གི་མེ་ཏོག་སྟེང་ལ། །

དོན་གྱི་ཟེའུ་འབྲུ་སྨིན་དགོས། །

རྟགས་བརྒྱད་རི་མོས་སྤུད་པའི། །

དཀར་ཡོལ་གཡང་ཊིའི་ནང་ལ། །

ནས་ཆང་བདུད་རྩི་སིལ་མ། །

རྟེན་འབྲེལ་དོད་དུ་བཏེགས་ཡོད། །

གྲལ་མགོའི་ཕ་ཁུར་དྲངས་ནས། །

བཀྲ་ཤིས་སྨོན་ལམ་བཏབ་ཡོད། །

སྐུ་ཚེ་བརྟན་པའི་དོད་དུ། །

གཙང་བཞེས་གནང་རོཊ་གནང་དང་། །

གྲལ་དཀྱིལ་གཞོན་པར་དྲངས་ཡོད། །

བཀྲ་ཤིས་སྨོན་ལམ་བཏབ་ཡོད། །

རླུང་རྟ་དར་བའི་དོད་དུ། །

མཆོད་ཆང་གཙང་བཞེས་གནང་དང་། །

གྲལ་མཐའི་མ་སྲུར་དྲངས་ཡོད། །

བཀྲ་ཤིས་སྨོན་ལམ་བཏབ་ཡོད། །

ལང་ཚོ་དར་བའི་དོད་དུ། །

གཙང་བཞེས་གནང་རོཊ་གནང་དང་། །

མི་ལ་ཚེ་རིང་ནད་མེད། །

ཕྱུགས་ལ་འཕེལ་ཁ་དར་བ། །

འབྱོར་ཕྱུག་ཀླུ་ལ་འགྲན་པའི། །

བཀྲ་ཤིས་སྨོན་ལམ་བཏབ་ཡོད། །

འཛམ་གླིང་གོ་ལའི་ཁྱོན་ལ། །

ཞི་བདེ་ཡོང་བའི་སྨོན་ལམ། །

སྨོན་འདུན་ཚིག་གི་ཕྲེང་བ། །

དབྱངས་གསལ་ལམ་ནས་ཕུལ་ཡོད། །

བཀྲ་ཤིས་སྨོན་འདུན་ཚིག་གསུམ། །

བདེ་ལེགས་ངང་ནས་དྲངས་ཏེ། །

ཕུན་ཚོགས་དཔལ་ལ་རོལ་བའི། །

བཀྲ་ཤིས་སྨོན་ལམ་བཏབ་ཡོད། །