03

༄༅། །རིམ་བཞིན་འཆར་བའི་ལོ་གསར། 2026年01月18日

ཆུང་བདག

གངས་ལྗོངས་མཁའ་ལམ་ཡངས་པའི་ངོས། །

ལོ་གསར་དུས་ཚེས་སྣ་ཚོགས་འཆར། །

གནས་མཆོག་འཛམ་གླིང་དབུ་རྩེའི་ཡུལ།

གནམ་ས་ཁ་ཐག་ཉེ་ས་ན། །

ཤེས་རིག་དཔལ་གྱི་གཟི་འོད་འབར། །

གནམ་ལོའི་བསུ་བའང་ཕུན་སུམ་ཚོགས། །

བོད་རྗེ་པུ་དེ་གུང་རྒྱལ་དུས། །

ཡུལ་ནི་ཡར་ཀླུང་བཙན་ཐང་དུ། །

དུས་བཞིའི་དབྱེ་མཚམས་ཟླ་ཚེས་བརྩི། །

ལོ་གསར་གཏོང་བའི་དབུ་ཡང་བརྙེས། །

རོང་འབྲོག་གནས་ཡུལ་མི་གཅིག་རྐྱེན། །

གནམ་ལོའི་བསུ་བའང་སྔ་ཕྱི་མང་། །

ཤར་ཕྱོགས་ཀོང་པོའི་ཡུལ་ལུང་དུ། །

བོད་ཟླ་བཅུ་པར་ལོ་གསར་བསུ། །

བསྐལ་པ་ཡུལ་གྱི་དུས་ཤིག་ན། །

ཀོང་པོ་ཨ་སྐྱིད་རྒྱལ་པོ་མཆོག །

གཡུལ་ལ་འཇུག་དགོས་རྐྱེན་དབང་གིས། །

ལོ་གསར་སྔོན་ལ་གཏོང་བར་གྲགས། །

བཅུ་གཅིག་ཟླ་བའི་ཚེས་གཅིག་ཉིན། །

ལ་དྭགས་རོང་པའི་ཡུལ་ལུང་དང་། །

དབུས་གཙང་ལུང་པ་འགའ་ཞིག་ཏུ། །

ལྟོགས་སླའི་ལོ་གསར་གཏོང་སྲོལ་བྱུང་། །

གཙང་གི་ཡུལ་གྲུ་ཕལ་ཆེར་དང་། །

མངའ་རིས་འབྲོག་པའི་ས་ཁུལ་ཁག །

ཁམས་ཕྱོགས་ལྷོ་ཁའི་ཡུལ་ལུང་འགར། །

སོ་ནམ་ལོ་གསར་གཏོང་སྲོལ་དར། །

ལོ་འགོ་དེ་ཡི་འཛིན་ཚུལ་ཐད། །

ཞིང་འབྲོག་ལས་བྲེལ་ཆུང་བ་དང་། །

ལུགས་རྙིང་ལོ་གསར་སྟབས་འཁེལ་བ། །

འཇིག་རྟེན་རྒན་པོའི་གཏམ་ལས་ཐོས། །

བོད་ཟླ་དང་པོའི་ཚེས་གཅིག་ཉིན། །

ཡ་གིའི་མངའ་རིས་སྐོར་གསུམ་ནས། །

མ་གིའི་སྒང་དྲུག་ལྟེ་བ་ཡན། །

རྒྱལ་པོ་ལོ་གསར་མཉམ་དུ་རོལ། །

སོག་པོ་ཇིང་གེར་རྒྱལ་པོའི་དུས། །

རྒྱ་ནག་ཡུལ་གྱི་ཧོང་ལེ་དང་། །

ཧོར་ཟླ་དང་པོ་མཐུན་པར་བརྟེན། །

གཅིག་གྱུར་ལོ་གསར་གཏན་ལ་ཕབ། །

དུས་ལ་འཕོ་འགྱུར་ཅི་བྱུང་དང་། །

སྤྱི་ཚོགས་རྣམ་པ་ཇི་ལྟར་ཡང་། །

དུས་སྟོན་རྒྱལ་པོ་ལོ་གསར་ཉིད། །

མི་འགྱུར་སྲ་ཞིང་བརྟན་པར་གནས། །

འདས་ལོའི་གེགས་བར་ཕུད་ཆེད་དང་། །

ལོ་གསར་བཀྲ་ཤིས་ཡོང་སླད་དུ། །

དགུ་ཐུག་འཐུང་ཞིང་མེ་རོ་འབུད། །

ཁོར་ཡུག་གད་བདར་གཙང་སྦྲར་འབད། །

ཤམ་བུ་སྒོ་ཡོལ་གསར་བརྗེས་བྱས། །

དར་ལྕོག་འཛུགས་ཤིང་གཟབ་མཆོར་སྤྲས། །

བཟའ་བཏུང་ལོངས་སྤྱོད་རྒྱ་ཆེར་བཤམས། །

བཀྲ་ཤིས་ཁ་གཡང་དར་དིར་སྒྲོག །

ཞིང་འབྲོག་ལོ་ལེགས་ཡོང་སླད་དུ། །

ཕྱེ་མར་ཆང་ཕུད་ལ་སོགས་དང་། །

ལུག་མགོ་ལོ་ཕུད་རྒྱས་པར་བཤམས། །

ཡས་བཟེད་དཀར་པོའི་མདངས་ཀྱིས་བརྒྱན། །

བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་དང་། །

ཚེ་རིང་རྣམ་དྲུག་མཐུན་པ་བཞི། །

ངོ་མཚར་སྒྱུ་རྩལ་རྩེ་སྒྲོའི་ངོས། །

ཕྱྭ་གཡང་རྟེན་འབྲེལ་མ་ལུས་འདུས། །

ཁྱད་པར་བཀྲ་ཤིས་སྨུག་དོང་དང་། །

ཉ་གཤོག་བོང་བུའི་ཨམ་ཆོག་སོགས། །

དོན་ལྔ་སྣོད་ཚང་སྡེར་ཁ་དེ། །

གདོད་མའི་དམར་མཆོད་དོད་དུ་བྱས། །

སྙན་གླུ་ལེན་བཞིན་སྐྱིད་བྲོ་འཁྲབ། །

དགའ་བའི་སྟོན་མོ་ཉིན་མཚན་སྦྲེལ། །

དུས་སྟོན་རྣམ་པས་ཁོར་ཡུག་ཁྱབ། །

དེ་ནི་བོད་ཀྱི་ལོ་གསར་ཡིན། །