འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཁོར་ཡུག་བཅོས་སྒྲིག་ནང་ཧུར་ཐག་ཞུགས་ནས་སྐར་མ་གསོག་པ་དང་བསགས་སྐར་གྱིས་སྒོ་རྩིས་ཚོང་ཁང་དུ་འཚོ་བའི་མཁོ་ཆས་བརྗེ་ཐུབ་པའི་སྣང་ཚུལ་དེ་ནི་ད་ཆ་ནག་ཆུའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་རྒྱུན་གཏན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད། 2025ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་དངོས་སྒྲུབ་མ་འཇོག་བྱས་པ་བརྒྱུད། སྡོད་མལ་ཁོར་ཡུག་ལེགས་སུ་རྒྱུན་མཐུད་འགྲོ་བར་སྐུལ་འདེད་བཏང་བ་དང་ཤེས་དཔལ་སྲོལ་གསར་བོད་བྱང་ཐང་གི་གྲོང་གསེབ་ཏུ་ཁྱབ་ཡོད།
དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། 2025ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གྱིས“དྲ་ཐོག་དང་དྲ་གཤམ”ཕྱོགས་བསྡུས་ཅན་གྱི་དྲིལ་བསྒྲགས་བྱེད་སྟངས་སྤྱད་ནས་གྲོང་ཚོ(སྡེ་ཁུལ)1189ཡི་གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ། གྲོང་སྲོལ་དམངས་ཆིངས་ལག་བསྟར་ཨུ་ལྷན་བཙུགས་ཏེ་གྲོང་སྲོལ་དམངས་ཆིངས་དེ“སྐར་གསོག་ལམ་ལུགས”ནང་བཅུག་པ་རེད། སྐར་གསོག་ལམ་ལུགས་ཀྱི་ལས་དོན་ཐད་མ་དངུལ་སྒོར་ཁྲི་3065བཏང་བ་དང་། མིག་སྔར་དེ་མཚུངས་ཀྱི་དངོས་ཟོག་རིན་ཐང་སྒོར་ཁྲི་1249རི་བ་བརྗེས་ཤིང་། ཤེས་དཔལ་བྱ་སྤྱོད་ལ་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་ཐོབ་ནས་མང་ཚོགས་རྣམས་ལྟད་མོ་ལྟ་མཁན་ཞིག་ནས་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་ལ་འགྱུར་བར་ཁྲིད་སྟོན་ནུས་ལྡན་བྱས་ཡོད།
གནས་འཕྲོད་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་བ། 《ནག་ཆུ་གྲོང་ཁྱེར་གྱི་2025ལོའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགན་གསལ་ཐོ》བཟོས་པ་དང་། གནས་འཕྲོད་ལས་འཚམ་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་གྲངས་10འགོ་བཙུགས་ནས་གྲོང་གསེབ་དར་རྒྱས་མགྱོགས་པོ་ཡོང་བར་རམ་འདེགས་ནུས་ལྡན་བྱས་ཡོད། “མང་ཚོགས་རང་མོས་དང་། རིགས་དབྱེའི་མཛུབ་ཁྲིད”ཀྱི་རྩ་དོན་གཞིར་བཟུང་། 2025ལོར་སྒོར་ཁྲི་308.5བཏང་ནས་དུད་ཚང་གི་གསང་སྤྱོད་1234སྒྱུར་བཀོད་བྱས་པར་མིག་སྔར་ཚང་མ་སྒྱུར་བཀོད་ཟིན་པ་རེད།
ཁོར་ཡུག་ལེགས་སུ་གཏོང་བ་ནས་འཚོ་བ་སྟབས་བདེ་རུ་གཏོང་བའི་བར་དང་། བྱ་སྤྱོད་ཀྱིས་སྐུལ་ལྕག་བྱེད་པ་ནས་དར་སྲོལ་སྐྱེད་སྲིང་བྱེད་པའི་བར་ནག་ཆུ་གྲོང་ཁྱེར་གྱིས་བྱེད་ཐབས་ཏན་ཏིག་རབ་དང་རིམ་པ་བརྒྱུད་ས་མཐོའི་འབྲོག་ཁུལ་དུ་གནས་འཕྲོད་དང་། ཤེས་དཔལ། ཞི་མཐུན་བཅས་ཀྱི་རྣམ་པ་གསར་པ་ཞིག་ཐོན་པར་བྱས་ཡོད།