04

སྡོད་ཁང་གསར་པ་གཙང་ཐིང་ཐིང་། ཞབས་ཞུའི་རྣམ་འགྱུར་དྲོ་སོབ་སོབ། 2026年01月09日

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་ཀྱིས་འཁྲབ་སྟོན་ལ་ལྟ་བཞིན་པ།

སྐྲ་གྲི་བཟུང་བའི་དང་བླངས་པས་བྱང་ཆུབ་པོས་སྐྲ་གཞར་བཞིན་པ་དང་གམ་དུ་ད་དུང་ཕྲུ་གུ་མང་པོ་བང་བསྒྲིགས་འདུག སྐྲ་བཞར་ཟིན་པའི་ཕྲུ་གུས་མགོ་ལ་བྱིལ་བྱིལ་བྱེད་བཞིན་ངོ་གདོང་ནས་སྤྲོ་བ་དཔག་མེད་ཀྱི་འཛུམ་མདངས་འཕྱུར།

དེ་ནི་ཟླ་1ཚེས་6ཉིན་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་སྲིད་གཞུང་གི་ཚོགས་ཁང་ནང་གཉེར་བའི“དྲིན་ཚོར་འབད་འབུངས་དང་ཁང་གསར་དུ་སྤོས་ནས་ལས་བརྩོན་བྱེད། དགུན་དུས་ཞབས་ཞུ་རིགས་དྲུག་བསྐྱལ་ནས་ཁྱིམ་གཞིས་བརྩེ་བས་ཕྱུག”ཅེས་པའི་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཞིག་རེད།

གཏིང་སྐྱེས་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་དྲོ་སྐྱིད་ཀྱིས་ཕྱུག་པའི“ཞབས་ཞུ་རིགས་དྲུག”ཁྱིམ་གྱི་སྒོ་རྩར་བསྐྱལ་ཞིང་། རིགས་པའི་གཞུང་ལུགས་དང་། རིག་རྩལ། བདེ་ཐང་། དཔེ་དེབ། དངོས་རྫས། འོས་འགན་སྐྲ་བཞར་བཅས་གང་དགོས་ཡོད་པས། ཁང་པ་གསར་པར་སྤོས་པའི་ཡུལ་མི་ཚོ་དགུན་དུས་དེ་བས་དྲོ་སྐྱིད་ལྡན་པ་ཞིག་བྱུང་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

བྱེད་སྒོ་སྤེལ་ཡུལ་དུ། ལུས་ལ་སྲོལ་རྒྱུན་གྱི་མི་རིགས་རྒྱན་གོས་སྤྲས་པའི་གར་མཁན་རྣམས་ཀྱིས་གར་སྟེགས་ཐོག་ལྟད་མོ་ཆེ་བའི་ཞབས་བྲོ་འཁྲབ་པ་དང་། གར་སྟེགས་འོག་ཏུ་འགྱུར་ཁུག་དང་འགྲོགས་ནས་ལྟད་མོ་བའི་ཐལ་མོ་རྡེབ་སྒྲ་ཡང་ཡང་གྲགས།

འཁྲབ་སྟོན་པ་ངག་ཆུང་གིས་བཅར་འདྲི་དང་ལེན་བྱེད་སྐབས“ཡུལ་མི་ཚོར་ལེ་ཚན་འཁྲབ་སྟོན་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་འདུག སོ་ནམ་ལོ་གསར་འཆར་ཉེར་ཡོད་པས། ལོ་གསར་པར་ཚང་མ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་འཚོ་བ་གང་དགའ་གང་སྐྱིད་ཡོང་བའི་སྨོན་འདུན་ཞུ་གི་ཡིན”ཞེས་འཛུམ་དམུལ་དམུལ་ངང་བཤད།

2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་ས་སྦྲེལ་ཡིན་པའི་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་ལའང་ཡོམ་ཐེབས་ཏེ་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། ལོ་གཅིག་རིང་ཕྱོགས་ཁག་གི་མཐུན་སྦྱོར་འབད་འཐབ་འོག་ཀོ་ལྕག་ཤང་གི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་གསར་ལ་ཐུན་མིན་ཁྱད་ཆོས་ལྡན་པའི་མང་ཚོགས་སྡོད་ཁང་སྤེལ་མར་བསྐྲུན་ནས་མང་ཚོགས་བདེ་བླག་ངང་ཁང་པ་གསར་པར་སྤོས་ཏེ་སྔོན་ཆད་ཀྱི་འཚོ་བ་རིམ་བཞིན་སླར་གསོ་བྱུང་ཡོད།

“ལོ་དེའི་རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་སོང”ཞེས་ཀོ་ལྕག་ཤང་ཁང་ཁུང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བའི་སྐོར་གང་བསམ་ལྷུག་པོར་གླེང་། ས་ཡོམ་བརྒྱབ་རྗེས་ཁོང་གི་ནང་མི་འཚོ་རྟེན་ལས་སྤྲོད་ལ་བརྟེན་ནས་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་ཡོད། 2025ལོའི་ཟླ་8པའི་ཟླ་དཀྱིལ་དུ་ནང་མི་ཚང་མ་ཁང་པ་གསར་པར་སྤོས་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་འགོ་ཚུགས། “བསྐྱར་སྐྲུན་བྱེད་རིང་ང་ཚོས་འཚོ་རྟེན་ལས་སྤྲོད་ལ་བརྟེན་ནས་མང་ཚོགས་200ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ་རྩལ་ནུས་གསར་པ་ཁོང་དུ་ཆུད་པ་དང་དུས་མཚུངས། ངལ་རྩོལ་ཡོང་འབབ་རག་པར་ཤང་དེ་ཡོངས་སུ་རིམ་རྩིས་བརྒྱབ་ན་སྒོར་ཁྲི་640ལྷག་ཙམ་བྱུང་ཐོག་མང་ཚོགས་རྣམས་ཁྱིམ་གཞིས་འཛུགས་སྐྲུན་གྱི་ཞུགས་པ་པོ་ནས་ཐད་ཀའི་ཕན་པ་ཐོབ་མཁན་དུ་གྱུར་ཡོད”ཅེས་ཀོ་ལྕག་ཤང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཆོས་དབྱིངས་ཀྱིས་གསར་འགོད་པར་བཤད།

གསར་འགོད་པ་བསྐྱར་དུ་ཚོགས་ཁང་དུ་ལོག་སྐབས་མཉམ་སྡེབ་ཀྱིས་སྒོ་ངའི་བག་ལེབ་གཏུབ་པའི་དམིགས་བསལ་གྱི་མཛད་སྒོ་ཞིག་སྤེལ་ནས་བྱེད་སྒོ་ཧྲིལ་པོར་ཚ་རླབས་ཡང་ཡང་འཕྱུར་བ་དང་མང་ཚོགས་དང་གྲོང་ཚོའི་ལས་བྱེད་པའི་འཐུས་མི་སྒོ་ངའི་བག་ལེབ་འགྲམ་དུ་ལངས་ཏེ་གསར་སྐྱེས་དང་ཕུགས་རེ་མཚོན་པའི་སྒོ་ངའི་བག་ལེབ་མཉམ་དུ་གཏུབས། དང་བླངས་པས་སྒོ་ངའི་བག་ལེབ་བགོས་པ་དང་དགོད་སྒྲ་ལྷང་ལྷང་ཁྲོད་བདེ་སྐྱིད་ལྡན་པའི་ཚོར་སྣང་ངང་གིས་མངོན།

(བསོད་ནམས་བདེ་སྐྱིད་ཆེ་བ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)