03

གཟིའི་སྙན་ངག་ཐུང་གྲས་ཁག་གཉིས། ༄༅། །ང་དང་མ་བྱིས་པ་ཡིན་དུས། 2025年12月28日

ང་དང་མ་བྱིས་པ་ཡིན་དུས། །

ང་བགད་ན་མིག་ཀྱང་བགད་ཀྱིས། །

མིག་ཁྲ་ཆུང་གཉིས་ཀ་བགད་ཀྱིས། །

བགད་བགད་ནས་མཆི་མ་འཆོར་གྱིས། །

ང་དང་མ་བྱིས་པ་ཡིན་དུས། །

གཞན་སྡུག་ན་ང་ཡང་སྡུག་གིས། །

ཞེ་བསམ་པའི་གཏིང་ནས་སྡུག་གིས། །

སྡུག་སྡུག་ནས་སེམས་པ་སྨྲེང་གིས། །

ང་དང་མ་བྱིས་པ་ཡིན་དུས། །

ངའི་རྣམ་རིག་གཙང་མ་ཡིན་དུས། །

འདྲེ་མ་དགོས་ལྷ་ལ་ཞེད་ཀྱིས། །

ཞེད་ཞེད་ནས་དངངས་འདར་ཤོར་གྱིས། །

ང་དང་མ་བྱིས་པ་ཡིན་དུས། །

དྲིན་མ་ལོ་འཚོ་ཞིང་བཞུགས་དུས། །

ནང་ཕུ་ནུ་ཚང་འཛོམས་ཡིན་དུས། །

ངའི་གོང་ལ་སྐྱིད་ཅིག་སུ་ཡོད། །

༄༅། །བཏང་སྙོམས་ཀྱི་གླུ།

སེམས་པ་ཕྱེ་ལེབ་ཆུང་ཆུང་རྒྱང་དུ་འཕུར། །

མེ་ཏོག་སྣ་བརྒྱའི་དྲི་བསུང་སྣོམ་བཞིན་འཕུར། །

དིར་དིར་གླུ་སྒྲ་སྙན་མོ་ལེན་བཞིན་འཕུར། །

ཞེན་ཆགས་ཡོད་ཡོད་འདྲ་ལ་མེད་མེད་འདྲ། །

ཨ་རག་པི་ཙི་ཡང་སེ་ཕར་ཚུར་གཏུག །

ཆང་གཞས་རྙིང་པ་རེ་ཡང་ཕར་ཚུར་བླངས། །

སྙིང་གཏམ་ཟ་ཟི་རེ་ཡང་ཕར་ཚུར་གླེང་། །

སྐྱིད་པོ་ཡོད་ཡོད་འདྲ་ལ་མེད་མེད་འདྲ། །

ཡུན་རིང་མ་ཐུག་ཟེར་ནས་འཐམ་ཙམ་བྱས། །

ཧ་ལས་དྲན་བྱུང་ཟེར་ནས་འཁྱུད་ཙམ་བྱས། །

སྐད་འཕྲིན་སྣོན་རོགས་ཟེར་ནས་འཚུབ་ཙམ་བྱས། །

སེམས་ལ་ངེས་པ་འདྲ་ལ་མ་ངེས་འདྲ། །

ཐ་སྙད་ཕལ་ཆེར་འཇའ་ལྟར་ཡལ་ནས་འགྲོ །

འདོད་པ་ཙག་ཙིག་མེ་ལྟར་མཆེད་ནས་འགྲོ །

སྣང་བརྙན་མང་པོ་ཆུ་ལྟར་བཞུར་ནས་འགྲོ །

ངེས་འབྱུང་སྐྱེས་པ་འདྲ་ལ་མ་སྐྱེས་འདྲ། །

འགའ་རེ་མི་ཁའི་ཀློང་ན་རླུང་ལྟར་འཕྱོ། །

ཁ་ཤས་སྣང་བའི་གྲོང་ནས་འཇའ་ལྟར་ཡལ། །

ལ་ཤས་ཕྱི་མའི་ཡུལ་དུ་གཤེགས་སོང་སྐད། །

འབྲེལ་བ་ཡོད་ཡོད་འདྲ་ལ་མེད་མེད་འདྲ། །

ཁྱོད་ཀྱང་བཀྲ་ཤིས་བཀྲ་ལ་ཤིས་པ་དང་། །

ཁོང་ཡང་དོན་གྲུབ་དོན་ལ་འགྲུབ་པ་དང་། །

ཀུན་ཡང་ཕུན་ཚོགས་ཕུན་སུམ་ཚོགས་གྱུར་ནས། །

བསམ་དོན་མ་ལུས་ཡོངས་སུ་རྫོགས་གྱུར་ཅིག །