07

བྱ་སྤྱོད་དངོས་ལ་བརྟེན་ནས་མི་ཡུལ་གྱི་བརྩེ་བ་ཆེན་པོ་མཚོན་པར་བྱེད་པ། ——བྱང་ཤར་གྱི་གཞོན་ནུ་མ་ཝང་ཤིན་ཡུས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད། 2025年12月19日

བྱང་ཤར་ནས་ཡོང་བའི་གཞོན་ནུ་མ་ཝང་ཤིན་ཡུས་གངས་ལྗོངས་ས་མཐོར་འཚོ་བ་བསྐྱལ་ནས་བགྲང་བྱ་བཅུ་ཙམ་འདས། སྒེར་གཉེར་སྨྱན་སྦྱོར་གྱི་བརྡར་པ་ཡིན་པའི་ཁོང་གིས་སྤྱི་ཕན་བྱ་སྤྱོད་ལ་བརྟེན་ནས་མི་རིགས་འགྲོ་འོང་གི་སྦྲེལ་ཟམ་བཙུགས། སྨན་བཅོས་རོགས་སྐྱོབ་དང་། གཉེན་འཚོལ་ཕུགས་འདུན་མངོན་འགྱུར། རིག་གནས་དྲིལ་བསྒྲགས་སོགས་ཁྱབ་ཁོངས་མང་པོར་རོགས་སྐྱོར་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་བ་ཟབ་མོ་གསོན་ཉམས་དོད་པོས་མཚོན་པར་བྱས།

2018ལོར་ཁྱིམ་ལྷུན་གྲུབ་རྫོང་དུ་གནས་པའི་ལོ་དྲུག་ལ་སླེབས་པའི་བོད་རིགས་ཀྱི་ཕྲུ་གུ་ངག་དབང་སྐལ་ལྡན་ལྷན་སྐྱེས་མིག་ནད་དབང་གིས་དམུས་ལོང་དུ་གྱུར། ཁྱིམ་ཚང་གི་འཁོས་ཀ་ཞན་སྟབས་སྨན་རིན་གཏན་ནས་འདོན་ཐབས་བྲལ། གནས་ཚུལ་དེ་ཤེས་རྗེས་ཝང་ཤིན་ཡུས་ཀྱིས་འཕྲལ་མར་པེ་ཅིང་གི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་འབྲེལ་བ་བྱས་ནས་རྒྱང་ཁྲིད་ནད་དཔྱད་བྱས་པ་མ་ཟད། སྤྱི་ཕན་ཐེབས་རྩ་རེ་ཞུ་བྱེད་རོགས་ཀྱང་བྱས། ད་དུང་ངག་དབང་སྐལ་ལྡན་གྱི་ནང་མི་དང་མཉམ་དུ་པེ་ཅིང་དུ་གཤགས་བཅོས་བྱེད་པར་བསྐྱོད།

གཤགས་བཅོས་ཐེངས་གཉིས་བྱས་པ་བརྒྱུད། ངག་དབང་སྐལ་ལྡན་ལ་བསྐྱར་དུ་རེ་བའི་འོད་སྣང་མཐོང་བའི་སྐལ་བ་ཐོབ། ད་ཆ་ལོ་13ལ་སླེབས་པའི་ཁོང་གི་མིག་དྲག་སྐྱེད་ཡག་པོ་བྱུང་ཡོད་པ་རེད། དང་ཐོག་མའི་སྨན་བཅོས་དང་འགྲོ་རོགས་བྱེད་པ་ནས་ད་ཆ་འཚར་ལོངས་དང་ཐུགས་ཁུར་བྱུང་བའི་བར། ཝང་ཤིན་ཡུས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གཅེས་སེམས་ཆེན་པོ་མཚོན་པར་བྱས།

ས་མཐོར་གཉེན་ཉེ་འཚོལ་དཀའ་བའི་གནད་དོན་འཕྲད་སྐབས་ཝང་ཤིན་ཡུས་ཀྱིས་དོན་གོ་ཆོད་པའི་བྱེད་ཐབས་འཚོལ་ཞིབ་བྱས། 2020ལོར་བོད་རིགས་མང་ཚོགས་ཤིག་གིས་ཁོང་ལ་ཁ་ཐོར་དུ་ལོ་25སོང་བའི་གཅེན་མོ་འཚོལ་རྒྱུའི་རེ་འདུན་ཞུས། ཝང་ཤིན་ཡུས་ཀྱིས་ཁུངས་སྣེ་ཐར་ཐོར་ལེགས་སྒྲིག་བྱས་རྗེས་གྲོང་པ་རྙིང་པ་དང་སྡེ་ཁུལ་ས་ནས་གནས་ཚུལ་ཤེས་རྟོགས་བྱས་རྗེས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད། ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་མ་ཟད། བོད་ལྗོངས་དང་མཚོ་སྔོན་སོགས་ཀྱི་སྤྱི་ཕན་རྩ་འཛུགས་དང་མཉམ་དུ་ས་ཁོངས་བརྒལ་བའི་གྲལ་བཤེར་བྱས། དུས་ཡུན་ཟླ་གསུམ་ཙམ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། མཐར་གཞིས་རྩེའི་གྲོང་ཚོ་ཞིག་ནས་མང་ཚོགས་དེའི་གཅེན་མོ་རྙེད།

དེས་མ་ཚད་ཝང་ཤིན་ཡུས་ཀྱིས་ལྷ་ས་དང་ལྷོ་ཁ་སོགས་ཀྱི་ཞིང་འབྲོག་ཁུལ་དང་ལག་ཤེས་བཟོ་ཁང་དུ་བསྐྱོད་དེ། སྤོས་དང་མི་རིགས་རྒྱན་ཆ་སོགས་ཁྱད་ལྡན་ཐོན་རྫས་ཀྱི་རིག་གནས་ནང་དོན་སྔོག་འདོན་བྱས་ནས་ཐད་གཏོང་བརྒྱུད་ཐོན་རྫས་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་བརྗོད། “རིག་གནས་དྲིལ་བསྒྲགས་དང་ཐོན་ལས་རོགས་སྐྱོར”ཟུང་འབྲེལ་གྱི་རྣམ་པས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་རམ་འདེགས་ཐུབ་ཅིང་། ལོ་གཉིས་རིང་ཁོང་གིས་བོད་རིགས་ཀྱི་ཁྱིམ་ཚང་30ལྷག་ཙམ་ལ་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་པ་དང་། བྲིན་ཚོང་དངུལ་འབོར་སྒོར་ཁྲི་200ཡོང་བར་སྐུལ་ཁྲིད་བྱས་པས་དཔལ་འབྱོར་གྱི་ཕན་འབྲས་དང་རིག་གནས་དྲིལ་བསྒྲགས་གཉིས་ཀར་ཕན་འབྲས་ཐོན་ཡོད།

ལོ་བཅུའི་རིང་ཝང་ཤིན་ཡུས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་ཟབ་མོར་འགྲེལ་བཤད་བརྒྱབ་པ་དང་། སྨན་བཅོས་རོགས་སྐྱོབ་ཀྱི་གནད་སྨིན་སྦྲེལ་མཐུད་ནས་གཉེན་འཚོལ་ལམ་གྱི་དཀའ་སྤྱད་སྙིང་རུས་བར་དང་། དེ་ནས་རིག་གནས་དྲིལ་བསྒྲགས་ཀྱི་གསར་གཏོད་ལག་ལེན་བར། བྱང་ཤར་གྱི་གཞོན་ནུ་མ་དེས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་དྲོ་སྐྱིད་ལྡན་ཞིང་ཞུམ་མེད་ཀྱི་སྟོབས་ཤུགས་སྦྱིན་པ་རེད། (རིག་འཛིན་རྡོ་རྗེས་སྒྱུར་ཞུས་བྱས)