03

༄༅། །རྫོང་རྒྱབ་ཀླུ་ཁང་གི་སྣོད་བཅུད་ཀྱི་བཀོད་པའི་དཔལ་ཡོན་བརྗོད་པ་རབ་དཀར་ངང་མོའི་མགྲིན་གླུ། རིག་འཛིན། (བོད་ལྗོངས་སློབ་ཆེན) 2025年12月14日

མང་མང་ཡུལ་གྱི་བཀོད་པའི་དཔལ་ཡོན་ཀུན། །

འདུས་འདུས་གཅིག་ཏུ་འདུས་འདྲའི་འཆི་མེད་ཚལ། །

སྐྱིད་སྐྱིད་ལོངས་སྤྱོད་ལྷ་དང་རབ་མཉམ་པ། །

མཚར་མཚར་རྫོང་རྒྱབ་ཀླུ་ཁང་འདི་མཚར་རོ། །

མ་བསྐུལ་སྐྱེ་ཀུན་ལྷན་ཅིག་འཛོམས་པའི་གནས། །

མ་བྲིས་ལྷ་ཡི་དགའ་ཚལ་འཕོས་སྙམ་ལ། །

མ་བཟོས་སྣ་ཚོགས་བཀོད་པ་ངོ་མཚར་བ། །

མ་བཅོས་ཀླུ་ཁང་འདི་ཉིད་ལྟ་ན་སྡུག །

སྔ་མོའི་དམངས་གཞས་ཟབ་མོའི་འགྱུར་ཁུག་གིས། །

ལེགས་པར་བསྔཊ་པའི་མཛེས་སྡུག་སྙིང་པོའི་གཏེར། །

རྫོང་རྒྱབ་ཀླུ་ཁང་ཞེས་གྲགས་ཞིང་མཆོག་འདི། །

ལེགས་བྱས་ཞགས་པས་ལྗོངས་འདིར་ཁུཊ་སམ་ཅི། །

བདག་ནི་རེ་ཞིག་སོམ་ཉིའི་དྲར་ཚུད་དེ། །

སྐབས་གསུམ་སྐྱེད་མོས་ཚལ་ཞེས་གྲགས་པ་གང་། །

འདི་ལས་ལྷག་པ་ཨེ་ཡོད་སྙམ་བཞིན་དུ། །

བློ་རྩེའི་ཉ་ག་འཁྱོག་ལ་འཕྱང་བར་རྩོམ། །

དེ་ནས་རྫོང་རྒྱབ་ཀླུ་ཁང་ཡིད་དགའ་ཚལ། །

སུམ་རྩེན་ཡུལ་དུའང་ཡོད་པ་མ་ཡིན་ན། །

རང་ཉིད་རང་དཔེར་འོས་ཞེས་བརྗོད་འདོད་ཀྱི། །

སྤྲོ་སེམས་རྦ་རླབས་མཁའ་ལ་འཐོར་བར་བྱེད། །

ཨེ་མ་མཐོ་རིས་བསོད་ནམས་དགའ་བའི་ཚལ། །

སྐལ་བཟང་ནོར་འཛིན་རྒྱན་དུ་འཕོས་འདྲ་བའི། །

བགྲང་ཡས་རྒྱུ་སྐར་ཕྲེང་བཞིན་རབ་བཀྲ་བ། །

གྲོང་ཁྱེར་ཆེན་པོ་ལྷ་ལྡན་དག་པའི་དབུས། །

ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་པོ་ཏ་ལ། །

རྩེ་མོ་དགུང་ལ་ཟུག་འདྲར་མངོན་འཕགས་ཤིང་། །

གསེར་ཟངས་རྒྱ་ཕིབས་དང་ནི་རྒྱལ་མཚན་དང་། །

གདུགས་དང་བྱ་གཡབ་རི་དྭགས་ཆོས་འཁོར་སོཊ། །

ཉི་ཟླའི་གཟི་བྱིན་གཅིག་ཏུ་འཕྲོ་ནུས་པའི། །

བཀོད་ལེགས་ཁང་བཟང་ནོར་བུ་དགའ་འཁྱིལ་དེ། །

སྣ་མང་མཁའ་འགྲོའི་ཚོགས་ལ་ཕྲག་དོག་ནས། །

མཐོན་མཐིང་ལྷ་ཡི་ལམ་ན་མངོན་པར་འགྱིངས། །

ཕྱོགས་བཞི་མཚམས་བརྒྱད་སྣ་མང་རིན་ཆེན་གྱི། །

དྲ་བ་དྲ་ཕྱེད་ཤམ་བུ་པ་ཏྲ་ལས། །

དཔྱངས་པའི་གཡེར་དྲིལ་ལ་སོགས་སྒྲ་སྙན་གྱིས། །

ཐོས་འཛིན་རྣ་བའི་དབང་པོ་ཀུན་ཏུ་མྱོས། །

ཨ་ཧོ་ཡིད་འཕྲོག་གཞལ་ཡས་ཁང་འདིའི་རྩེར། །

གཉིས་སྐྱེས་དབང་པོ་གཤོག་སྒྲོ་འདར་བཞིན་དུ། །

རེ་ཞིག་དབུགས་ཀྱང་ཧད་དེ་ངལ་བྱེད་པ། །

གྲུ་འཛིན་གཉིས་པ་ལྟ་བས་ཆོག་མི་ཤེས། །

གང་དེའི་བྱང་འདབས་ངོས་ན་ཡིད་འོང་ཚལ། །

སྐྱེ་ཀུན་ངལ་དུབ་སེལ་བའི་ལྗོངས་གཅིག་པུ། །

བི་ཤྭ་ཀརྨས་བཞེངས་སམ་ཡང་ན་ནི། །

འཇིག་རྟེན་བྱེད་པོས་བསྐྲུན་ནམ་རབ་སྙམ་པ། །

ཕྱོགས་བཞི་མར་གད་ཞུན་མའི་མདངས་འཛིན་ཞིང་། །

རྩི་ཤིང་ལོ་འདབ་ཡལ་ག་ཡོངས་གྲོལ་བའི། །

རྫོང་རྒྱབ་ཀླུ་ཁང་སྐྱེད་མོས་དགའ་ཚལ་དེ། །

དཔྱིད་ཀྱི་དཔལ་མོའི་གཟུགས་ཀྱིས་ས་ལ་ཉལ། །

ཡངས་ཡངས་རབ་ཏུ་ཡངས་པའི་ཀླུ་ཁང་ན། །

མཚར་མཚར་མངོན་པར་མཚར་བའི་ལྗོན་ཤིང་སྟེང་། །

སྙན་སྙན་འདབ་ཆཊ་མགྲིན་སྙན་སྒྲོག་པའི་བཅུད། །

ཡང་ཡང་རོལ་མོའི་ཁེངས་འཕྲོག་དོད་དུ་གོ །

སྔོ་ལྗང་ནེའུ་གསིང་བྱུར་བུར་གཏམས་པའི་དབུས། །

མ་སྙིགས་འདབ་སྟོང་གྲོལ་བའི་མེ་ཏོག་དག །

དབང་པོའི་གཞུ་ཡི་རང་མདངས་བླངས་པ་བཞིན། །

མཁའ་ཡི་འཇའ་ཚོན་དང་ནི་འཁྲུལ་བར་བྱེད། །

མ་ནུབ་སྲོལ་བཟང་འཛིན་པའི་སྣ་མང་གི །

མཛེས་དཔྱོད་ཡོངས་རྫོཊ་སྤུངས་པའི་སྐྱེད་ཚལ་ནང་། །

རྙོག་བྲལ་བརྒྱད་ལྡན་ཆུ་བོས་ལེགས་གྲུབ་པའི། །

རྫིང་བུར་འདོད་ལྡན་ཚོགས་རྣམས་གྲུར་འཇུག་ཅིང་། །

ངང་ངུར་བཅས་པ་ཆུ་རླབས་བཞོན་ནས་ནི། །

སྣ་ཚོགས་དགའ་བདེའི་རྩེད་འཇོར་ངོམས་མེད་རོལ། །

གཞན་ཡང་མཚེའུའི་ངོགས་སུ་གསར་འགྲོཊ་པའི། །

རྣམ་མང་མཛའ་གཅུགས་ཕོ་མོ་ལྷན་ཚོགས་ཏེ། །

ལྷད་མེད་མུ་ཏིག་གཏམ་མང་ཕན་ཚུན་གྱི། །

དྭངས་གཙང་སྙིང་གི་སྲད་བུར་རེ་རེར་བརྒྱུས། །

ཡོངས་སུ་བཟུང་བ་ལྷ་མོ་དབྱངས་ཅན་མའི། །

ཁེངས་པ་ཆུང་ངུར་བསྙིལ་བའི་དཔལ་མངའ་བ། །

རྫོང་རྒྱབ་ཀླུ་ཁང་ཡངས་པའི་བྲོ་ར་རུ། །

སྣ་ཚོགས་ཞབས་གཞས་སྒྱུ་རྩལ་མཁས་པ་མང་། །

དེ་ལྟའི་ཕུན་ཚོགས་སྟོང་གིས་ཡོངས་ཕྱུག་པ། །

འདི་ཀོ་སཱ་ལའི་སྨན་ལྗོངས་བདུད་རྩིའི་གཏེར། །

རྫོགས་ལྡན་གསར་པའི་རྩེ་དགར་ལོངས་སྤྱོད་བྱེད། །

འདི་ལས་གཞན་ཞིག་མེད་སྙམ་སེམས་པ་དོགས། །

རྫོང་རྒྱབ་ཀླུ་ཁང་སྣོད་བཅུད་བཀོད་པའི་དཔལ། །

བདག་འདྲས་རྫོགས་པར་བརྗོད་པ་མ་ནུས་མོད། །

འདི་ཙམ་ཟུར་བསྟན་བགྱིད་པའི་སྦྱོར་བས་ཀྱང་། །

སྐྱེ་རྒུའི་ཡིད་ཀྱི་བརྟན་པ་འཕྲོག་པར་ངེས། །