03

༄༅། །སྟོན་ཁ་དང་སྙན་ངག 2025年10月05日

འོད་འཛིན་མ།

སྤྲིན་པའི་ལུག་ཁྱུས་གངས་ཀྱི་རྩེ་མོ་བརྒྱན། །

སྨུག་པའི་ཡོ་ལང་རྒྱ་མཚོའི་འཇིངས་སུ་བབས། །

འཛིན་མའི་ཁ་དོག་གསེར་གྱི་མདངས་ལ་འགྲན། །

ད་ཡང་སྟོན་ཁའི་སྒྱུ་རྩལ་དལ་གྱིས་མཐོང་། །

ནགས་ཀྱི་མཛེས་ལྗོངས་སྟག་མོའི་གཞིས་སུ་བཏབ། །

དབྱངས་སྙན་ཁུ་བྱུག་ལྷོ་མོན་རོང་ལ་ཆས། །

དཀར་དམར་མེ་ཏོག་གྲུག་པའི་ས་གཞིའི་ལྟོར། །

དངུལ་དཀར་མུ་ཏིག་ཟིལ་པ་ཁྲུམ་ཁྲུམ་གཡོ། །

ངོ་མཚར་འཇའ་ཚོན་རི་མོ་དབྱིངས་སུ་བཀྲ །

ཉི་མའི་འཛུམ་ཟེར་རི་བོའི་སྙིང་ལ་འཁྱུད། །

སྟོན་རླུང་སིལ་བུས་འཕྱགས་པའི་ཤིང་ལོ་ཡང་། །

ངེས་མེད་གནས་སུ་ཡིབ་པའི་སྟ་གོན་བྱེད། །

ནམ་ཟླ་བསིལ་ཞིང་གྲང་བའི་སྐབས་དང་བསྟུན། །

རབ་དཀར་རྫ་རིའི་ཞལ་ངོ་ཁ་བས་བརླན། །

རི་སྐྱེས་སྲོག་ཆགས་རི་ལུང་ཐང་གསུམ་ཉུལ། །

ཁྲུང་ཁྲུང་གཤོག་རྡང་བསྒྲིགས་ཏེ་ལྷོ་རུ་འཕུར། །

འབྲས་ལྡན་ལྗོན་པའི་ཚལ་དག་མགོ་བོ་དུད། །

རྐང་དྲུག་སྨྲ་བ་བསྡམས་ཏེ་ཚང་དུ་ཉལ། །

ཕུ་ཆུ་མྱུར་བཞུད་རོལ་དབྱངས་སྙན་མོའི་སྒྲ །

གང་གི་རྣ་བའི་འཁྲིས་སུ་ལྷང་ལྷང་གྲགས། །

ལོ་ཡག་སྙེ་མར་འབྲས་བུ་སྨིན་དང་ལྷན། །

འཁོར་བའི་མི་ཚོགས་སྟོན་ཁའི་ལས་ལ་གཞོལ། །

ངས་ཀྱང་སོར་མོའི་བར་གྱི་སྙན་ངག་དང་། །

མྱོང་བ་ཐན་ཐུན་འདི་གཉིས་གཅིག་ཏུ་བསྡེབས། །

རྩྭ་ལྗང་གསེར་མདོག་ལྷུང་བའི་ཟློས་གར་ལས། །

གྱེས་བྲལ་གདུང་བའི་ན་ཟུག་ང་ལ་མེད། །

འབྲས་བུའི་དྲིན་གྱིས་འཛུམ་ཞལ་དགོད་བྱེད་པའི། །

སོ་ནམ་ཞིང་པ་མཐོང་དུས་སེམས་པ་སྐྱིད། །

སྤང་རྒྱན་ཁེར་སྐྱེས་དགོད་པའི་སྟོན་མཇུག་ཏུ། །

བདག་སེམས་སྲབ་མེད་རྟ་ཕོ་གཤོག་ཐོགས་བཞིན། །

ཚོར་བའི་རི་ལུང་ཉུལ་བའི་ངང་ཚུལ་གྱིས། །

རེ་བའི་མདུན་ལྗོངས་དུ་མ་མིག་ངོར་འཆར། །

དུས་བཞིའི་འགྲོས་ལ་འཁྱུད་པ་ང་ཡི་ལས། །

དུས་གསུམ་ཚིག་ལ་དཀྲི་བ་ང་ཡི་གཤིས། །

དུས་ཚོད་སྐར་ཆའི་བར་སྟོང་རེ་རེ་ལའང་། །

དུས་ཀྱི་ཆོས་ཉིད་འབྲི་ལ་རབ་ཏུ་མོས། །