འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ཤར་ལྷོ་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བར་གྱི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་འཛུགས་སྐྲུན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ་དེ་ལས། ལས་གྲྭ་དེ་དངོས་སུ་འཛུགས་སྐྲུན་དུས་མཚམས་སུ་སླེབས་ནས། རང་རྒྱལ་གྱི་གློག་ཤུགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་རིམ་འདས་ལས་གྲྭ་གཞན་ཞིག་ཏུ་གྱུར་པ་མཚོན་ཡོད། ལས་གྲྭ་སྔོན་དཔག་བྱས་ན་2029ལོའི་ལོ་མཇུག་ཏུ་ཕྱོགས་ཡོངས་ནས་བསྐྲུན་ཟིན་ཏེ་སྤྱོད་འགོ་ཚུགས་རྒྱུ་དང་། ལོའི་གློག་གཏོང་ཚད་དེ་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་430ཡན་ཟིན་རྒྱུ། ནུས་རྒྱུ་གཙང་མ་ཤ་སྟག་ཡིན་པས་ཁུག་ཆེན་ཁུལ་གྱིས“བོད་ཀྱི་ལྗང་མདོག་གློག”སྤྱོད་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ལས་གྲྭ་དེས་བོད་ཤར་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞི་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འབྲེལ་མཐུད་བྱས་ཤིང་། བོད་ལྗོངས་དང་། ཡུན་ནན། ཀོང་ཤིས། ཀོང་ཏུང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་4བརྒྱུད་དགོས་པ་དང་ཐད་རྒྱུག་གློག་སྐུད་ཀྱི་རིང་ཚད་སྤྱི་ལེ་2681ཙམ་ཟིན་གྱི་ཡོད་པ་དེ་ནི་མིག་སྔར་འཛམ་གླིང་ཐོག་གློག་གཏོང་ནུས་པ་ཆེ་ཤོས་དང་། ལག་རྩལ་ཆུ་ཚད་རྩེར་སོན་ལ་སླེབས་པ། མ་འཇོག་གཞི་ཁྱོན་ཆེ་ཤོས་བཅས་ཀྱི་བབ་བསྟུན་ཐད་རྒྱུག་གློག་གཏོང་ལས་གྲྭ་ཞིག་ཡིན་པས། དུས་ཚོད་ཧའོ་སྐར་ཆ་9ཡི་ནང་བོད་ཀྱི་ལྗང་མདོག་གློག་ཤུགས་ཀོང་ཏུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།
བོད་ལྗོངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན་དང་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཡིན་ཞིང་། གསར་སྤེལ་ཆོག་པའི་ཆུ་གློག་ཆན་ཝ་དུང་ཕྱུར་1.8དང་འོད་ཤུགས་ཆན་ཝ་དུང་ཕྱུར་བརྒྱ་ལྷག་ཟིན་གྱི་ཡོད་པས། ཆ་རྐྱེན་ལེགས་ལ་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ནི་རང་རྒྱལ་གྱི་འཕེལ་རྒྱས་བཀོད་པ་གསར་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲིད་སྟོན་བྱ་ཡུལ་བཅས་ཡིན་པས་གློག་སྤྱོད་མཁོ་ཧ་ཅང་ཆེ་རུ་ཕྱིན་ཡོད། “‘ནུབ་གློག་ཤར་གཏོང’གི་གྲུབ་ཆ་གལ་ཆེན་ཡིན་པའི་ངོས་ནས་ལས་གྲྭ་བསྐྲུན་རྗེས་ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་1200ཡི་ཚབ་བྱེད་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་གཏོང་བྱེད་ཚད་ཏུན་ཁྲི་3300ཉུང་དུ་གཏོང་ཐུབ་ནས་ཕྱོགས་གཉིས་ཀྱི་ལེགས་ཆ་གསབ་རེས་ཐུབ་རྒྱུ་རེད”ཅེས་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཀྲི་ཀང་གིས་བརྗོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལས་གྲྭ་དེས་བོད་ཤར་ལྷོར་གློག་གཏོང་གི་ཡོད་པས་བོད་ནས་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་གཏོང་ལས་གྲྭ་ཨང་དང་པོ་དང་། གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཧུར་ཐག་གཏོད་པའི་བྱ་ཐབས་གལ་ཆེན་བཅས་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེ་ཚན་གསར་པ་རྩོམ་པ་བཅས་ལ་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་རེད།