བློ་མཐུན་མའོ་ཙེ་ཏུང་གི“ཁ་ལག་ཟ་རྒྱུ་ནི་དོན་ཆེན་དང་པོ་རེད”ཅེས་པའི་བཀའ་མོལ་དེས“ཟས་ནི་མི་ཡི་འཚོ་རྟེན་ཡིན”ཞེས་པའི་གནའ་གཏམ་དེར་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱས་ཚེ། གཞི་ནས་རྒྱལ་ཁབ་སྟོབས་ལྡན་དང་བསྐྱར་དར་གྱི་རང་འགུལ་དབང་ཆར་སྟངས་འཛིན་ཡག་པོ་བྱེད་ཐུབ”ཅེས་གསུངས་ཡོད།
འབྲུ་རིགས་ཀྱི་བདེ་འཇགས་མེད་ན་གནམ་འོག་གི་བདེ་འཇགས་ཡོང་མི་སྲིད། རང་རྒྱལ་གྱི་ལོ་རྒྱུས་ཐོག་མུ་གེ་ཆེན་པོ་ཐེངས་མང་བྱུང་བས། གང་སར་ལྟོགས་ཤི་ཐེབས་པ་དང་མི་རྣམས་ཡ་ང་བའི་གནས་སུ་ལྷུངས་ནས། སྤྱི་ཚོགས་ཡོ་ལང་དང་འབངས་རྣམས་འཚོ་གནས་དཀའ་བར་གྱུར་ཡོད། གོ་ལ་ཧྲིལ་པོ་ནས་བལྟས་ན། གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོར་གོ་ལ་ཧྲིལ་པོར་སྔར་བཞིན་མི་དུང་ཕྱུར་6.73ཙམ་བཀྲེས་ལྟོགས་ཀྱིས་མནར་བཞིན་ཡོད་པ་ནི་གོ་ལ་ཧྲིལ་པོའི་མི་12ཁྲོད་མི་1བཀྲེས་ལྟོགས་ཀྱི་གནས་སུ་གྱར་བ་དང་མཚུངས། དེ་དང་བསྡུར་ན། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་རྨོ་ཞིང་9%སྤྱད་དེ་འཛམ་གླིང་གི་མི་འབོར་20%ཙམ་གསོ་སྐྱོང་བྱས་ནས། འཛམ་གླིང་གི་འབྲུ་རིགས་བདེ་འཇགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཐོག་མཐའ་བར་གསུམ་དུ་མི་འབོར་དུང་ཕྱུར་བཅུ་ལྷག་ཙམ་གྱི་ལྟོ་ཆས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་དོན་ཆེན་ཨང་དང་པོར་བརྩིས་གནང་བས། 2024ལོར་འབྲུ་རིགས་ཀྱི་ཐོན་འབབ་ལོ་རྒྱུས་རང་བཞིན་སྒོ་ནས་རྒྱ་མ་དུང་ཕྱུར་ཁྲི་1.4ལས་བརྒལ་ཐོག “སུས་ཀྲུང་གོ་གསོ་བ”ཞེས་པའི་གནད་དོན་ལ་ལན་ནུས་ལྡན་བཏབ་པ་རེད།
ཕུགས་ཀྱི་སེམས་ཁྲལ་མེད་ན་ཡང་། འཕྲལ་གྱི་སེམས་ཁྲལ་ཡོད་ངེས་ཡིན། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དང་དགོས་མཁོ་སྤྱི་ཡོངས་ནས་མཁོ་སྤྲོད་དོ་སྙོམ་དེ་ཙམ་མེད་པས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་རྩ་བར་ལྷོད་གཡེང་ཅུང་ཙམ་ཡང་གཏོང་མི་རུང་བ་དང་། ངེས་པར་དུ་རྒྱལ་ནང་ལ་གཞི་ཚུགས་ནས་རང་རྒྱལ་མི་དམངས་ཀྱི་ལྟོ་ཆས་གནད་དོན་གཞི་རྩའི་ཐོག་ཐག་གཅོད་བྱས་ཏེ། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་མཐའ་ཚད་ནན་པོ་བསྲུངས་ནས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས་པ། ངེས་པར་དུ་ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་ལག་བསྟར་དང་། ཕྱོགས་ཡོངས་དང་ཐབས་ལམ་མང་པོ་ནས་བཟའ་བཅའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག ཀྲུང་གོ་བའི་ལྟོ་ཕོར་ནམ་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པར་འགན་ལེན་བྱེད་དགོས་པ་བཅས་ལ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས།
ལག་ཏུ་འབྲུ་རིགས་ཡོད་ན་སེམས་ལ་དངངས་འཚབ་སྐྱེ་དོན་མེད། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་དང་། ལྷག་པར་དུ་ནས་ཀྱི་བདེ་འཇགས་ལ་འགན་ལེན་དང་། ཞིང་འབྲོག་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་དེ་ཞིང་ལས་སྟོབས་ཆེན་ཁུལ་འཛུགས་སྐྲུན་བྱེད་པའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པར། 2024ལོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ་དང་། ཤ་དང་། འོ་མ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གཙོ་བོར་ལོ་བསྟུད་མར་ཐོན་འབབ་ཡག་པོ་བྱུང་བ། ཞིང་ལས་ཐོན་རྫས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་པ་བཅས་རེད། ལོ་རྒྱུས་ཀྱི་དུས་མཚམས་གསར་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། “ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་བྱས་ནས། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འབྲུ་རིགས་ལ་གྲོན་ཆུང་དང་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་དར་སྲོལ་བཟང་པོ་ཆགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
(སྒྱུར་ཞུས་པ་བསོད་ནམས་བདེ་སྐྱིད་ཆེ་བ)