03

༄༅། །ཁྱི་ཡི་བསྟན་བཅོས། ལྕགས་ཅོང་། 2025年08月17日

སྐྱེ་བོ་ངན་པ་འཛོམས་པ་ནི། །

འཁྲུག་རྩོད་འབྱུང་བའི་སྒོ་ཡིན་ཏེ། །

ཁྱི་འཁྱམ་མཉམ་དུ་འདུས་པ་ལས། །

ཀུ་ཅོ་འབྱུང་གི་ལྷིང་འཇགས་མིན། །

གཞན་ལ་ཁྱད་གསོད་དམའ་འབེབས་པ། །

མ་རབས་སྐྱེ་བོའི་ཁྱད་ཆོས་ཏེ། །

ཁྱི་ཡིས་མི་ལ་ཕྱོགས་ནས་ནི། །

རྟག་ཏུ་མཐོང་ཆུང་ལྟ་བར་གྲགས། །

གང་ཞིག་ཡོན་ཏན་གྱིས་དབུལ་བའི། །

སྐྱེ་བོས་ཁྲི་འཕང་རྩོད་བྱེད་དེ། །

དཔའ་སྙིང་མེད་པའི་ཁྱི་ཡིས་ནི། །

རྟག་ཏུ་མཐོ་ས་བཟུང་བར་བྱེད། །

བཤད་པའི་སྐབས་སུ་ངག་ལྐུགས་ཤིང་། །

མི་དགོས་དུས་སུ་སྨྲ་བྱེད་པ། །

སྐྱེ་བོ་གླེན་པའི་རང་རྟགས་ཏེ། །

དྲེད་ཐུག་ཁྱི་རྣམས་འབྲོས་ལ་ལྟོས། །

ཤེས་མེད་སྐྱེ་བོ་ཁ་དལ་ཚེ། །

རང་སྐྱོན་མི་འཚོལ་གཞན་སྐྱོན་འཚོལ། །

ཁྱི་ཡིས་རང་རྐུབ་སྣར་གཏུགས་ཏེ། །

མི་དྲི་བཙོག་ཅེས་གཤེ་བར་གྲགས། །

གླེན་རྨོངས་སྐྱེ་བོ་འདུས་པ་ན། །

ཟས་གོས་འབའ་ཞིག་གླེང་བར་བྱེད། །

ཁྱི་འཁྱམ་ཕོ་མོ་འཕྲད་པའི་ཚེ། །

ཐོག་མར་རྐུབ་ལ་སྣོམ་པར་བྱེད། །

ནོར་གྱི་འབུལ་བ་ཆད་པའི་ཚེ། །

མ་རབས་སྐྱེ་བོས་ངོ་ལོག་བྱེད། །

ཚེ་གང་གསོས་པའི་ཁྱི་ངན་གྱིས། །

ཞག་གསུམ་བྲལ་རྗེས་བདག་པོར་བརྨུཊ། །

ཁྲེལ་མེད་སྐྱེ་བོ་ངན་པ་ཡིས། །

མི་ངོ་དཀར་ནག་ཁོ་ནར་ལྟ། །

གོས་ལྷམ་ཞན་པའི་མི་ལ་ནི། །

ཁྱི་རྣམས་ལྷག་པར་སྡང་བ་ཡིན། །

ཨ་གསར་ཅན་གྱི་སྐྱེ་བོ་ལ། །

ཡུན་དུ་མཛའ་བའི་གྲོགས་མེད་དེ། །

འདོད་ཆགས་སྨིན་པའི་ཁྱི་མོ་ལ། །

ཁྱི་རྣམས་རེས་ཀྱིས་སྦྱོར་ལ་ལྟོས། །

སྐྱེ་བོ་ངན་པའི་འཁོར་གཡོག་ཏུ། །

ངན་པ་འབའ་ཞིག་འདུ་བྱེད་དེ། །

ཁྱི་རྐུན་ཁྱུ་དཔུང་བསྡེབས་ནས་ནི། །

རྒྱ་ལམ་རྒྱུ་འགྲུལ་གཅོད་ལ་ལྟོས། །

ཤེས་རབ་མིག་ཟུང་ལྡོངས་པ་ཡི། །

སྐྱེ་བོས་རིག་གནས་སྨོད་བྱེད་དེ། །

ཀུན་ལ་ཞིམ་པའི་མར་དཀར་ཉིད། །

ཁྱི་ལ་དུག་ཏུ་འགྱུར་ལ་ལྟོས། །

མ་རབས་སྐྱེ་བོ་དང་འགལ་ན། །

མི་ཚེར་ཞེ་ནད་འཇོག་པར་བྱེད། །

ཁྱི་མོར་ཐེངས་ཤིག་འགྲས་ན་ནི། །

ནམ་ཡང་ཉྭ་ལ་འཇབ་པ་ཡིན། །

གཞུང་རྒྱུད་ངན་པའི་སྐྱེ་བོ་ཡིས། །

ཕན་བཏགས་ལན་དུ་གནོད་སྐྱེལ་ཏེ། །

བསམ་པ་བཟང་པོས་ཟས་བྱིན་ཀྱང་། །

ཁྱི་ངན་ཕལ་གྱིས་མཆེ་བ་གཙིགས། །

མ་རབས་སྐྱེ་བོར་བཟང་བྱས་ཀྱང་། །

བཟང་དུ་མི་མཐོང་ངན་དུ་མཐོང་། །

ཡར་ལ་བཞག་པའི་ཁྱི་མགོ་ཉིད། །

ཇི་ལྟར་བྱས་ཀྱང་ཐུར་དུ་འགྲིལ། །

སྐྱེ་བོ་ངན་པར་ཟས་བྱིན་རུང་། །

དེ་ཡིས་མི་ཚིམ་གཞན་ལ་དམིགས། །

ཁྱི་ངན་གྲོད་པ་འགྲངས་གྱུར་ཡང་། །

ད་དུང་ཉུག་སྣ་བྱེད་ལ་ལྟོས། །

ངན་པས་བྱ་བ་སྒྲུབ་པ་ལ། །

མ་རབས་སྐྱེ་བོ་ངང་གིས་འདུ། །

དྲི་ངན་ཕྱི་ས་འདོར་བ་ན། །

ཁྱི་རྣམས་བང་རྩལ་འགྲན་བཞིན་འདུ། །