འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཟངས་རི་རྫོང་གིས་གྲོང་གསེབ་ཀྱི་བོད་སྨན་ལས་སྒོའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས། བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་པ་བརྒྱུད་གཞི་རིམ་གྱི་བོད་སྨན་ཞབས་ཞུའི་ནུས་པ་ཆེ་རུ་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་རིང་། གཞི་རིམ་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟམ་བྱས་ཏེ“རིགས་པའི་གཞུང་ལུགས་དང་། ལག་ལེན། བྱང་ཚད་བཅས་ཟུང་དུ་འབྲེལ་བའི”མ་ལག་བཙུགས་ཤིང་། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ཐད་བོད་སྨན་གྱི་གསུང་རབ་ལ་དམིགས་ཏེ་རྒྱུན་མཐོང་ནད་ཀྱི་སྨན་བཅོས་དབྱེ་ཞིབ་བྱས་པ་དང་། ལག་ལེན་གྱི་ལྷུ་ཚིགས་སུ་མེ་བུམ་དང་མེ་བཙའ་རྒྱག་པ་སོགས་འོས་འཚམ་གྱི་ལག་རྩལ་ལ་དམིགས་ནས“འགྲེལ་བཤད་དང་དངོས་སྤྱོད་ཟུང་འབྲེལ”བརྒྱུད་ནད་ཐོག་ནུས་པ་ཆེ་རུ་བཏང་ལ། གཅིན་སྙི་ཟ་ཁུ་དང་འདུས་འདྲིལ་གློ་གཅོང་སོགས་གཅོང་ནད་ལ་དམིགས་ཏེ་རིགས་གཅིག་མཁས་ཅན་གྱིས་གྱོད་དཔེ་སློབ་ཁྲིད་བྱས་ནས་སྨན་བཅོས་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་ཡོད།