འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ནག་ཆུ་གྲོང་ཁྱེར་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། ལོ་ལྟར་གྱི་ཟླ་བ་ལྔ་པ་ནས་བདུན་པའི་བར་དབྱར་རྩྭ་དགུན་འབུ་འཐུ་སར་ཐོག་དང་གློག་དམར་གྱི་གནོད་འཚེ་ཐོན་མང་བར་དམིགས་ནས། ནག་ཆུ་གྲོང་ཁྱེར་གནམ་གཤིས་སྡེ་ཚན་གྱིས་ཚན་པ་མང་པོ་དང་མཉམ་དུ“གནད་འཁེལ་གྱི་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། སྣ་མང་གི་ཚན་རིག་ཁྱབ་གདལ་གཏོང་བ། ལམ་སྲོལ་གསར་གཏོད་བྱེད་པ་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་ཀྱི་འགོག་སྲུང་མ་ལག་ཅིག་བསྐྲུན་ནས་དབྱར་རྩྭ་དགུན་འབུ་འཐུ་མཁན་ཁྲི་15ལྷག་ཙམ་ལ་བདེ་འཇགས་ཡོང་བར་བྱས་ཡོད།
ནག་ཆུ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ནག་ཆུ་འདི་ཉིད་བོད་དང་ཐ་ན་རྒྱལ་ཡོངས་སུ་ཐོག་རྒྱག་པ་དང་གློག་དམར་འཁྱུག་མང་བའི་ས་ཁུལ་ཞིག་ཡིན་པ་དང་། དེའི་ཤར་ཕྱོགས་ཀྱི་སོག་རྫོང་དང་། སྦྲ་ཆེན། འབྲི་རུ་སོགས་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོར་ལོར་ཆ་སྙོམས་ཐོག་རྒྱག་པ་དང་གློག་དམར་འཁྱུག་པའི་གནམ་གཤིས་སྟོན་པའི་ཉིན་གྲངས་80ལྷག་ཙམ་ཟིན་པ་དང་། དབྱར་ཁར་རླུང་འཚུབ་དྲག་པོའི་གནམ་གཤིས་རྐྱེན་གྱིས་ཐོག་བརྒྱབ་པའི་དོན་རྐྱེན་མང་པོ་ཐོན་གྱི་ཡོད། མིག་སྔར་Cརླབས་ཚད་ཀྱི་ལེ་ཏ་1ལས་མེད་པ་དེའི་ཁེབས་ཁྱོན་ལ་ཚད་བཀག་ཡོད་པས། ཤར་ཕྱོགས་ཀྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ(དཔེར་ན་སོག་རྫོང་དང་འབྲི་རུ་རྫོང)ལ་སྤྱིར་ན་ཁེབས་མི་ཐུབ་པས་དུས་ཐུང་ནང་ཉེ་འཁོར་ལ་སྔོན་བརྡ་གཏོང་ཐུབ་ཀྱི་མེད། ལྟ་ཞིབ་ཚད་ལེན་གྱི་དཀའ་གནད་འདི་སེལ་ཐུབ་ཆེད། ས་གནས་ལ་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་དུས་ཐུང་སྔོན་བརྡ་གཏོང་བའི་ལས་སྟེགས་དང་ལེ་ཏ་སྒྲིག་ཆས་དྲ་ཚོགས་ཀྱི་ལག་རྩལ་ནང་འདྲེན་བྱས་པ་དེས། ཐོག་རྒྱག་པ་དང་གློག་དམར་འཁྱུག་པའི་སྔོན་བརྡ་གཏོང་་ཚད་70%ནས་85%བར་མཐོ་རུ་ཕྱིན་པ་མ་ཟད། “ཕྱིས་འབྱུང་ཉིན་གསུམ་རིང་གི་གནམ་གཤིས་དྲན་སྐུལ”(ཆུ་ཚོད་6གི་སྔོན་ལ་ཁྱབ་བསྒྲགས)དང“ཐོག་རྒྱག་པ་དང་གློག་དམར་འཁྱུག་པའི་སྔོན་བརྡ་གཏོང་བའི(ཆུ་ཚད་0.5ནས་4.5ཡི་སྔོན་ལ་ཁྱབ་བསྒྲགས)ཞབས་འདེགས་ཞུས་པའི་ཐོག སྐད་འཕྲིན་ཚོགས་པར་རིམ་པ་བཞིན་བརྒྱུད་སྤེལ་དང་དོ་དམ་པར་བརྡ་ལན་སྤྲོད་པའི་ལམ་སྲོལ་དང་ཟུང་འབྲེལ་གྱིས་སྔོན་བརྡའི་ཆ་འཕྲིན་འཕྲལ་མར་དབྱར་རྩྭ་དགུན་འབུ་འཐུ་སའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་དོ་དམ་པར་གཏོང་གང་ཐུབ་བྱས་པ་རེད། དེ་དང་མཉམ་དུ་འཕྲལ་སྡོམ་རླུང་འཕྲིན་བརྒྱུད་བོད་སྐད་ཐོག་ནས་ཉེན་ཟོན་སྔོན་བརྡ་བཏང་སྟེ་བདེ་འཇགས་འགོག་ཟོན་གྱི་ཤེས་བྱ་དབྱར་རྩྭ་དགུན་འབུ་འཐུ་ས་སོ་སོར་ཁྱབ་པར་བྱས་པ་རེད།