འདི་ནི་ཆབ་མདོ་གྲོང་ཁྱེར་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱི་ཆེད་ལས་ལག་རྩལ་པས་གུར་རྩྭ་ཕྱུགས་རར་ཕྱུགས་ཟོག་ལ་རིམས་འགོག་སྨན་ཁབ་རྒྱག་བཞིན་པ།
འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས“སྔོན་འགོག་གཙོ་བོ་དང་འགོག་ཟོན་ཟུང་འབྲེལ”གྱི་བྱེད་ཕྱོགས་ལྟར། སྲོག་ཆགས་ཀྱི་རིམས་ནད་ཐད་ཀྱི་བཙན་ཤེད་རིམས་འགོག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་འབྲོག་ལས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་ནོར་ལུག་གི་ཁ་ཚ་རྨིག་ཚ་དང་། ཕག་པའི་ཁ་ཚ་རྨིག་ཚ། བྱ་རིགས་ཀྱི་ཆམ་རིམས་སོགས་ཐད་ཀྱི་རིམས་འགོག་སྨན་ཁབ་སྣ་ཚོགས་དང་། དེ་བཞིན་གར་སླ་སྙོམས་གཤེར། འབུ་སྐྲོད་སྨན་རྫས་བཅས་མཁོ་འདོན་གང་ལེགས་བྱས་པ་དང་འབྲེལ་སྤུས་ཚད་འགན་ལེན་ཡང་བྱས་པ་རེད། རིམས་འགོག་གསོ་སྦྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ལས་ཀྱི་ཆེད་བསྐོས་པ་དང་གྲོང་ཚོ་རིམ་པའི་རིམས་འགོག་མི་སྣ་སོགས་སྒྲིག་འཛུགས་བྱས་ནས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་རིམས་འགོག་ལག་རྩལ་གྱི་གསོ་སྦྱོང་གཉེར་ཏེ། མི་སྒེར་གྱི་སྐྱེ་དངོས་བདེ་འཇགས་འགོག་སྲུང་དང་རིམས་འགོག་སྨན་ཁབ་ཉར་ཚགས་སོགས་གཙོ་གནད་དུ་བཟུང་སྟེ་རིམ་རྩིས་བརྒྱབ་ན་མི་ཐེངས་1300ལྷག་ཙམ་གསོ་སྦྱོང་བྱས་པ་དང་དཔྱད་ཡིག་ཁྲི་1.1ལྷག་ཙམ་སྤྲད་ཡོད། གཞན་ཡང་། ཆབ་མདོ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞི་ཡིས་མཉམ་འགུལ་བྱས་ཏེ་ཐུན་མོང་འབད་བརྩོན་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་གྱི་སྲོག་ཆགས་རིམས་ནད་ཐད་ཀྱི་བཙན་ཤེད་རིམས་འགོག་ལས་དོན་ལེགས་པར་བསྒྲུབས་ཤིང་། རིམ་རྩིས་བརྒྱབ་ན་ཕག་གི་ཁ་ཚ་རྨིག་ཚ་དང་ནད་ཕོག་རང་བཞིན་མཐོ་བའི་བྱ་རིགས་ཀྱི་ཆམ་རིམས་སོགས་ཀྱི་ཐད་སྲོག་ཆགས་ཁྲི་269.15ལ་རིམས་འགོག་བྱས་པ་དང་རིམས་འགོག་བྱེད་ཚད་95%ཡན་ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་2025ལོའི་ཞིང་འབྲོག་ལས་ཀྱི་ཚན་རྩལ་གཤམ་སྤེལ་ལག་རྩལ་གྱི་འགན་གཙང་ལེན་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཆེད་ལས་ལག་རྩལ་གྱི་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་དེའི་རྫོང་དང་ཆུས་བཅུ་གཅིག་ཏུ་རིམས་ནད་གྲལ་བཤེར་དང་། ནད་ཕོག་པའི་ཕྱུགས་རིགས་བརྟག་བཅོས། ལྟ་ཞིབ་ཚད་ལེན་གྱི་དཔེ་ལེན། དེ་བཞིན“འབྲོག་སྤྲིན་ཤར་གཏོང”མ་ལག་ཁྱབ་གདལ་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ་མ་ཟད། རིམས་འགོག་སྤུས་ཚད་དང་འདུས་ཚད་དམ་དུ་བཏང་ནས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་བྱས་ཏེ་འབྲོག་ལས་ཐོན་སྐྱེད་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཡང་བྱ་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)