06

གསོ་ཚགས་རྟེན་གཞི་ཆུང་ཆུང་ཞིག་ནས་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་སུ་འཕེལ་རྒྱས་ཕྱིན་པ། —— ཁྲེན་ཞའོ་ཝུའུ་ཡིས་ཕུགས་འདུན་འབྲོག་ར་ཇི་ལྟར་གཉེར་བའི་སྐོར་བཀོད་པ། 2025年07月25日

རུན་སེན་ཞིང་འབྲོག་ཡར་ཀླུང་གཙང་པོ་གངས་ནོར་གསོ་ཚགས་སྦེ་པ་རྟེན་གཞིར། འབྲོག་པ་བཀྲ་ཤིས་ཀྱིས་ལྟོ་སྣོན་པ་དང་གཙང་ཕྱག་སོགས་བྱེད་ཀྱི་ཡོད། ཁོང་གི་རྒྱབ་ཀྱི་རྩིག་ངོས་སུ“གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚུགས”ཞེས་བྲིས་པའི་ཟངས་བྱང་ཞིག་བཀལ་ཡོད་པ་དེར་ཉི་འོད་འཕྲོས་པས་འོད་འཚེར་བཞིན་འདུག ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་ཆིག་སྟོང་ལས་བརྒལ་བའི་གསོ་ཚགས་རྟེན་གཞི་དེར། ཀུང་སི་གསར་དུ་འཛུགས་མཁན་ཁྲེན་ཞའོ་ཝུའུ་ཡིས་ཀུང་སིའི་སྣེ་ཁྲིད་དེ་བེའུ་10ལས་མེད་པ་ནས་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་སུ་འཕེལ་རྒྱས་བཏང་ལ། དེ་ནི་ཚན་རྩལ་གསར་གཏོད་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་ཀྱི་ཕྱུག་འགྱུར་ལམ་བུ་ཞིག་གི་དཔང་པོའང་རེད།

ལེགས་གསར་ཕྱོགས་སུ་འཕེལ་རྒྱས་བཏང་བ།

ཁྲེན་ཞའོ་ཝུའུ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་དྲོ་སྐྱིད་ལྡན་པའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དམིགས་བསལ་ཞིག་ཏུ་འཚར་ལོངས་བྱུང་བ་རེད། ཁོང་གི་ཕ་ནི་ཡུན་ནན་ནས་ཡིན་ལ་མ་ནི་མོན་པ་རིགས་ཡིན། ཆུང་དུས་ནས་དེ་གར་འཚར་ལོངས་བྱུང་བའི་ཁོང་དང་ས་མཐོའི་ཕྱུགས་རིགས་དབར་ལས་འབྲེལ་ཟབ་མོ་ཆགས་ཡོད། ནར་སོན་རྗེས་ཁོང་གིས་བོད་ཀྱི་འབྲི་གཡག་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་ཚོར་ནས་ཕ་མ་གཉིས་ཀར་འབྲི་གཡག་གསོ་ཚགས་བྱ་རྒྱུའི་གྲོས་འགོ་བཏོན། ཡིན་ཡང་། དང་ཐོག་ཕ་མ་གཉིས་ཀྱིས་རྒྱབ་སྐྱོར་ཐོབ་མེད། ཁོང་གིས“བེའུ་གཅིག་རྒྱགས་གསོ་བྱས་ནས་བཙོངས་ཚེ་གཟན་ཆག་གི་མ་གནས་འཐེན་ཡང་ད་དུང་ཁེ་སྤོགས་མི་ཉུང་བ་ཡོད”ཅེས་དཔལ་འབྱོར་གྱི་རྩིས་གསལ་པོ་བརྒྱབ་མཐར་ཕ་མ་གཉིས་ནས་ཚོད་ལྟ་བྱ་རྒྱུའི་གྲོས་ཁ་མཐུན།

དེ་ལྟར་ཁྲེན་ཞའོ་ཝུའུ་དང་ཁོང་གི་ཕ་མ་གཉིས་ཀས་ཉེ་འཁོར་གྱི་ཁྱིམ་མཚེས་ལག་ནས་བེའུ་10ཉོས་ཤིང་། དེའི་རྗེས་ཀྱི་ལོ་གཉིས་ལྷག་རིང་ནང་མི་ཚང་མས་བེའུ་དེ་དག་འཚོ་སྐྱོང་ཡག་པོ་བྱས་པ་རེད། ཁོང་ཚོར་ལས་གཏོད་ཀྱི་ཡོང་འབབ་དང་པོ་རག་སྐབས་ནང་མི་ཚོའི་གསོ་ཚགས་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ་རེད། 2016ལོར། བོད་ལྗོངས་རུན་སེན་ཞིང་འབྲོག་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་རེད།

ཕྱོགས་སྒྱུར་གྱི་དཀའ་ངལ་བསལ་བ།

ཁྲེན་ཞའོ་ཝུའུ་ཡི“འཕེལ་རྒྱས་ཀྱི་མན་ངག”ནི་བོད་ལྗོངས་འབྲོག་ལས་སྡེ་ཚན་གྱིས་ཞིབ་འཇུག་གསར་སྤེལ་བྱས་པའི“ནོར་གནག་དང་བ་ལང་། ཨན་ཀོ་སིའི་བ་ལང”བཅས་རྒྱུད་གསུམ་འདྲེས་སྦྱོར་ལག་རྩལ་ཡིན་པ་རེད། “ཆེད་ལས་ཀྱི་ཚོད་རྩིས་བྱས་པ་ལྟར་ན། ནོར་རྒྱུད་འདིའི་རིགས་སྲོལ་རྒྱུན་གྱི་འབྲི་གཡག་དང་བསྡུར་ན་ཤ་ཐོན་ཚད་35%ཡན་མང་དུ་ཕྱིན་པ་མ་ཟད་ད་དུང་ཤ་སྤུས་ཀྱང་ལེགས་པས་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཡོད། མགོ་གྲངས་རེའི་ལྗིད་ཚད་མཐོ་ཤོས་རྒྱ་མ་2500ཡས་མས་ཟིན་པ་དང་ནད་འགོག་ནུས་པ་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱུད་པ་འདིའི་རིགས་ཀྱི་གཟན་ཆག་གཞན་སྒྱུར་ཚད་ཀྱང་ཧ་ཅང་མཐོ་བས། རང་བྱུང་རྩྭ་རའི་གནོན་ཤུགས་ཆུང་དུ་ཕྱིན་ནས། སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་ཅེས་ཁྲེན་ཞའོ་ཝུའུ་ཡིས་ངོ་སྤྲོད་བྱས་པ་རེད།

ལག་རྩལ་གྱི་ཚད་བརྒལ་ནི་དཀའ་སྡུག་གིས་ཁེངས་པའི་ལོ་རྒྱུས་ལམ་བུ་ཞིག་ཡིན་ཞིང་། 2020ལོར་ཀུང་སིས་བེའུ་ཁག་དང་པོ་ནང་འདྲེན་བྱེད་སྐབས་ལ་དུག་བརྒྱབ་པའི་རྐྱེན་པས་བེའུ་མང་པོ་ཞིག་གི་གློ་བར་ཆུ་བསགས་ཡོད། ནད་གཞིས་རྐྱེན་པས་དབུགས་ལྷེམ་ལྷེམ་བྱེད་པའི་བེའུ་དེ་དག་མཐོང་སྐབས་ཁྲེན་ཞའོ་ཝུའུ་ཡི་སེམས་ལ་ན་ཟུག་ཚད་མེད་བཏང་། “བེའུ་འདི་དག་མང་ཆེ་བ་ཟླ་གཉིས་གསུམ་ལ་སླེབས་ཙམ་རེད། ཁོར་ཡུག་གསར་པ་འཕྲོད་པར་ད་དུང་དུས་ཚོད་དགོས”ཁྲེན་ཞའོ་ཝུའུ་ཡིས་ཚོགས་པའི་སྣེ་ཁྲིད་ནས་ཆུ་ཚོད་72རིང་སྡོད་རེས་བྱས་པ་དང་། གློག་གདན་བཏིང་ནས་ནད་ཕོག་པའི་བ་ལང་ལ་དྲོད་ཁུག་ཐབས་བྱས་པས། མཐར“གོམ་པ་རིམ་བགྲོད་ཀྱིས་ས་བབ་དང་འཚམ་པར་བྱེད་པའི་ཐབས་ཤེས”རྙེད་ཡོད། ད་ཆ་ཀུང་སི་དེས་ནད་ཡམས་སྔོན་འགོག་ཚོད་འཛིན་ནས་གནད་སྨིན་གཟན་ཆག་སྟེར་བའི་བར་གྱི་ཚད་ལྡན་ཅན་གྱི་བརྒྱུད་རིམ་ཞིག་གྲུབ་ནས་རང་ལྗོངས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་དཔེ་མཚོན་དུ་གྱུར་ཡོད།

ལས་གཏོད་ཀྱི་བསམ་བློ་འཁོར་བ།

ལས་གཏོད་བྱས་མ་ཐག་པའི་དུས་སུ་ཀུང་སིའི་མ་དངུལ་འཁོར་འབྲེལ་ཆད་པའི་རྐྱེན་གྱིས་མ་རྩ་རྡིབ་གྲབས་བྱས་ཡོད། དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ཡུལ་དེའི་སྲིད་གཞུང་ནས་འཕྲལ་དུ་རོགས་རམ་བྱས་ཏེ་ཐོན་འཚོང་འབྲེལ་མཐུད་ཀྱི་ལས་སྟེགས་སྐྲུན་རོགས་བྱས་ནས། ཧྲང་ཧའེ་དང་པེ་ཅིང་གི་ཞིང་ཕན་ཐོན་རྫས་འགྲེམས་འཚོང་འདུ་ཚོགས་སོགས་ཀྱི་བྱེད་སྒོར་ཞུགས་པ་བརྒྱུད་ཁེ་ལས་ཀྱིས་ཧོ་མཱ་སོས་ཟས་སོགས་ཁེ་ལས་དང་གན་རྒྱ་བཞག་པས། སྒོར་ཁྲི་300ཡི་ཐོན་ལས་རོགས་སྐྱོར་མ་དངུལ་དང་དེ་བཞིན་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་རག་པས་ཀུང་སིའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བསལ་ཡོད།

ཁྲེན་ཞའོ་ཝུའུ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་ང་ཚོ་ལྗོངས་ཕྱི་ནང་གི་འགྲེམས་འཚོང་འདུ་ཚོགས་སྣ་ཚོགས་ལ་ཞུགས་པར་འཁྲིད་དེ་ང་ཚོའི་ཁྲོམ་ར་རྒྱ་སྐྱེད་རོགས་བྱས་བྱུང་། ད་ཆ་ང་ཚོའི་ཚགས་ཤ་ལྗོངས་ནང་ཁུལ་གྱི་སློབ་གྲྭ་དང་ཀུང་སི་ཁག་གཅིག་གི་ཟ་ཁང་དུ་སྐྱེལ་གྱི་ཡོད་པ་མ་ཟད། ད་དུང་ལྗོངས་ཕྱིར་འཚོང་གི་ཡོད”ཅེས་བཤད།

བ་ཚང་ནང་མོན་པ་རིགས་ཀྱི་བུད་མེད་སྒྲོལ་མས་གླུ་ལེན་ཞོར་གཟན་ཆག་བརྫི་བཞིན་ཡོད། “ས་ཞིང་བརྒྱུད་བཤུག་གི་དངུལ་སྨར་དང་གླ་ཆ་བསྡོམས་ན་ང་ལ་ལོ་གཅིག་ནང་སྒོར་ཁྲི་7ལྷག་ཡོང་གི་འདུག”ཅེས་བཤད། ཁོང་དང་འདྲ་བར་ཕན་པ་ཐོབ་པའི་ཞིང་འབྲོག་མང་ཚོགས་དུད་ཚང་15ཡོད་པ་དང་ཀུང་སིས“གཅིག་གྱུར་ངང་རྒྱུད་བཟང་མཁོ་འདོན་དང་གོང་ཚད་མཐོ་ཤོས་ཐོག་ནས་ཉོ་སྒྲུབ་བྱེད་པ་ཟུང་འབྲེལ”གྱི་ཐབས་ལ་བརྟེན་ནས་ད་དུང་ཉེ་འཁོར་གྱི་གསོ་ཚགས་དུད་ཚང་43ལ་སྐུལ་ཁྲིད་བྱས་ཡོད།

སྲིད་ཇུས་ཀྱི་ཕན་པ་ལོངས་སུ་སྤྱད་པ།

མིག་སྔར་ཀུང་སིས་ཁྱོན་བསྡོམས་གསོ་ཚགས་རྟེན་གཞི་3དང་འབྲོག་ར་2བསྐྲུན་ཡོད། བྲག་ཡིབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དཔེ་གཞི་དེ་བོད་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ཡོད། དུས་ཐེངས་གཉིས་པའི་རྒྱས་སྐྲུན་རྣམ་གྲངས་ལག་ལེན་བསྟར་རྗེས་མ་འོངས་པར་ཀུང་སིས་རྒྱུད་སྤེལ་དང་། གསོ་ཚགས། ལས་སྣོན་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཞིག་གཏོད་རྒྱུ་ཡིན་པ་དང་སྔོན་དཔག་བྱས་ན་ལས་གནས་50གསར་དུ་འཕར་བཟོ་ཡོད་པ་རེད།

མ་འོངས་པར་རྒྱང་ལྟ་བྱེད་སྐབས། ཁྲེན་ཞའོ་ཝུའུ་ཡིས་གདེང་ཚོད་ཆེན་པོ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“མ་འོངས་པར་ངས་ལག་ཡོད་ཕྱུགས་རིགས་མགོ་གྲངས་5000ནས་10000བར་མང་དུ་གཏོང་རྒྱུ་ཡིན་ལ། ཚགས་ཤ་སྐམ་པོ་དང་ཚྭ་སྦྱངས་ཤ་བཙོས་མ་སོགས་ཟས་རིགས་གསར་སྤེལ་བྱས་ཏེ་ས་མཐོའི་སྤུས་ལེགས་ཀྱི་ཚགས་ཤ་རྒྱལ་ཡོངས་ལ་འཚོང་གི་ཡིན”ཞེས་བཤད།