03

མཛེས་མཐུན་གྲོང་གསེབ་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་བསུ། 2025年07月25日

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་རོང་གི་ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་སྐྱོད་སྐབས། རྒུ་རུམ་གྲོང་རྡལ་སྣ་མཁར་གྲོང་ཚོའི་འཛུགས་སྐྲུན་བྱ་ཡུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ནས་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། མཚུར་ཕུའི་གནས་ནང་རོང་གི་གྲོང་གསེབ་ཡུལ་སྐོར་འཛུགས་སྐྲུན་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་3256.74བཏང་བ་དང་འཆར་འགོད་རྒྱ་ཁྱོན་ལ་སྨི་ངོས་གྲུ་7526.56ཟིན་པ་མ་ཟད། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་4404.49ཟིན་གྱི་ཡོད། རྣམ་གྲངས་ནང་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་བ་སྣེ་ལེན་དང་ཉམས་ལེན་ཁུལ་གཅིག་དང་། ཁྱད་ལྡན་དམངས་སྲོལ་གནས་ཚང་གི་ཁང་པ་སྟར་པ་གསུམ། དེ་བཞིན་གཞུང་ལམ་དང་ཆུ་འབུད་མ་ལག་སོགས་ལེ་ལག་ཚང་བའི་ལས་གྲྭ་ཚུད་ཡོད། བཟོ་སྐྲུན་དེ་དག་ལ་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བྱས་པས་མི་རིགས་ཀྱི་ཁྱད་ཆོས་མངོན་པ་མ་ཟད། ཡུལ་སྐོར་བའི་དགོས་མཁོ་ཡང་བསྐངས་ཡོད།

རྣམ་གྲངས་ཀྱི་འགན་འཁུར་བ་ཏིང་ཅུན་ཤང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་9པ་ནས་ལས་འགོ་བཙུགས་ཚུན། ཨར་ལས་ཚོགས་པས་ས་མཐོའི་གནམ་གཤིས་དང་སྐྱེལ་འདྲེན་ཁག་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། “མིག་སྔར་རྣམ་གྲངས་ཀྱི་75%ལེགས་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན། ད་ལོའི་ཟླ་8པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་རྒྱུ་མ་ཟད། ལོ་མཇུག་གོང་གཉེར་སྐྱོང་བྱེད་ཐུབ”ཅེས་ཏིང་ཅུན་ཤང་གིས་བཤད།

རྣམ་གྲངས་སྐྲུན་རིང་ཐོག་མཐའ་བར་གསུམ་དུ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཨར་ལས་རུ་ཁག་གིས་ས་གནས་དེ་གའི་ཡུལ་མི་སྔོན་ལ་ལས་ཀར་བསྡུས་ཤིང་། མིག་སྔར་ཡུལ་མི་32ལས་ཞུགས་ཐུབ་ཡོད་ལ། མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་5000ཟིན་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་ཡུལ་མིའི་སྔོག་འཕྲུལ་དང་བླུག་འཁོར་སོགས་ལས་གྲྭའི་འཕྲུལ་ཆས་གླས་པར་སྔོན་དཔག་བྱས་ན་ཡུལ་མིར་འཕྲུལ་ཆས་བོགས་གཏོང་གི་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་རག་རྒྱུ་རེད། “སྒོ་རྩར་ལས་ཞུགས་ཐུབ་པ་དང་རྒྱུ་ནོར་ལ་བརྟེན་ནས་ཡོང་འབབ་གསོག་པའི”བྱ་ཐབས་དེ་རིགས་ཀྱིས་ཡུལ་མིར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད།

མཚུར་ཕུའི་གནས་ནང་རོང་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་ལག་ལེན་བསྟར་བ་དེ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་མཐུན་ཡོད། བོད་དུ་ཞིང་འབྲོག་ལས་གཙོ་བོ་ཡིན་པ་དང་། ཐོན་ལས་གྲུབ་ཆ་རྐྱང་པ། ཉེན་ཁ་འགོག་པའི་ནུས་པ་ཞན་པ་སོགས་ཀྱི་གནད་དོན་གྱིས་གྲོང་གསེབ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བཞིན་ཡོད། རྣམ་གྲངས་དེ་ལག་བསྟར་བྱས་པ་ལས་སྣ་མཁར་གྲོང་ཚོ་དང་ཐ་ན་སྟོད་ལུང་བདེ་ཆེན་ཆུས་ལ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གོ་སྐབས་བྱུང་ཡོད། རིག་གནས་དང་ཡུལ་སྐོར་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བཏང་བར་བརྟེན་ས་གནས་དེ་གའི་བེད་མེད་ཀྱི་ཐོན་ཁུངས་ནུས་ལྡན་ངང་སྤྱོད་ཐུབ་པ་མ་ཟད། ད་དུང་བཟའ་བཏུང་དང་། སིལ་འཚོང་། ལག་ཤེས་བཟོ་རྩལ་སོགས་ལས་རིགས་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཏེ་སྣ་མང་ཅན་གྱི་ཐོན་ལས་མ་ལག་བཙུགས་ཐུབ་པའི་ཁར་གྲོང་གསེབ་ཀྱི་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།

རིག་གནས་རྒྱུན་འཛིན་གྱི་ངོས་ནས་བརྗོད་ན། བོད་ལུགས་བཟོ་སྐྲུན་དང་། སྲོལ་རྒྱུན་ཞིམ་ཟས། དམངས་སྲོལ་བྱེད་སྒོ་བཅས་ནི་བོད་ཀྱི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན། མཚུར་ཕུའི་གནས་ནང་རོང་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་ཀྱིས་རིག་གནས་ཀྱི་གཞི་རྒྱུ་དེ་དག་འཛུགས་སྐྲུན་ཇུས་འགོད་དང་ཡུལ་སྐོར་ཉམས་ལེན་ཁྲོད་མཉམ་འདྲེས་བྱས་པས། ཡུལ་སྐོར་བས་ས་མཐོའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཐུབ་པ་དང་ཆབས་ཅིག ས་གནས་དེ་གའི་ཡུལ་མིའི་འཚོ་བ་དང་བོད་ཀྱི་རིག་གནས་ཤེས་རྟོགས་གཏིང་ཟབ་བྱེད་ཐུབ། “རིག་གནས་དང་ཡུལ་སྐོར་མཉམ་འདྲེས”ཀྱི་བྱ་ཐབས་ཀྱིས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་བསྣན་ཡོད་ལ། ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་ཁྲོད་བོད་ཀྱི་རིག་གནས་ལ་དེ་བས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་ཐུབ་ཡོད།