03

ཨ་ཁུ་འབྲོག་པའི་ཕྱུག་འགྱུར་ཉམས་བཟང་། 2025年07月25日

ལྷུན་གྲུབ་རྫོང་ཐང་མགོ་ཤང་གཙང་གཞུང་གྲོང་ཚོ་ནི་སྲོལ་རྒྱུན་འབྲོག་ལས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་རྩྭ་ར་མུའུ་ཁྲི་57.9ཡི་སར་ཕྱུགས་རིགས་མགོ་གྲངས་ཁྲི་1.6ལྷག་ཙམ་འཚོ་སྐྱོང་བྱེད་ཀྱི་ཡོད། 2023ལོར་རིམ་གྱིས་འཕོ་འགྱུར་བྱུང་བ་སྟེ། གཙང་གཞུང་གྲོང་ཚོ་དེ་ཉིད་ལྷུན་གྲུབ་རྫོང་གི“3+3”ཞིང་འབྲོག་ལས་སྒྱུར་བཅོས་ཚོད་ལྟའི་གྲོང་ཚོར་གྱུར་ནས་སྲོལ་རྒྱུན་གྱི་ཁ་ཐོར་འཚོ་སྐྱོང་བྱེད་སྟངས་བསྒྱུར་ཏེ“མཉམ་ལས་ཁང་དང་ཞིང་དུད”ཟུང་འབྲེལ་གྱི་མཉམ་གཉེར་ལམ་སྲོལ་གསར་གཏོད་དང་ཁྱབ་སྤེལ་བཏང་ཞིང་། འབྲོག་པས་རྩྭ་ར་དང་ཕྱུགས་ཟོག་མ་རྐང་དུ་བཞག་ནས་ལྷུན་གྲུབ་གཙང་མདོ་རོང་ཕྱུགས་རིགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

2024ལོར་གཙང་གཞུང་གྲོང་ཚོས“རྭ་སྒྲེང”གི་སྤུས་རྟགས་གསར་སྤེལ་བྱས་ཏེ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་ཡོད་པའི་ཚགས་ཤ་སྐམ་པོ་དང་ཕྱུར་བ་ཚོང་འདུས་སྣ་ཚོགས་སུ་བཏོན་པ་དང་སུའུ་ཀྲོའུ་རུའང་བཤམས་པས། ཚགས་ཤ་རྒྱ་མ་རེའི་ཟུར་སྣོན་རིན་ཐང་3%མཐོ་རུ་ཕྱིན་པ་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་ནི་འབྲོག་པའི་དུད་ཚང་15ཡི་ཡོང་འབབ་འཕར་བའི་ཐབས་མཆོག་ཏུ་གྱུར་ཡོད།

“ཞོགས་པར་བཞོས་པའི་འོ་མ་སོས་པར་མཉམ་ལས་ཁང་གིས་རྒྱ་མ་རེར་སྒོར་12བྱས་ནས་ཉིན་དེ་རང་ལ་ཉོ་ཡི་ཡོད། སྔོན་ཆད་འོ་མ་འཚོང་བར་ཐག་རིང་ལ་འགྲོ་དགོས་པ་དང་ད་ལྟ་སྒོ་རྩར་ཚོང་ཐུབ་ཀྱི་ཡོད”ཅེས་གཙང་གཞུང་གྲོང་ཚོའི་ཡུལ་མི་ཚེ་བརྟན་བསམ་གྲུབ་ཀྱིས་བཤད།

གྲངས་ཀ་ལས་འགྱུར་ལྡོག་ལ་དཔང་པོ་བྱེད་ཅིང་། 2024ལོར་མཉམ་ལས་ཁང་གིས་འོ་མ་རྒྱ་མ་25819.5ལྷག་ཙམ་བསྡུས་པར་དུད་ཁྱིམ་རེར་ཆ་སྙོམས་ཡོང་འབབ་སྒོར་5500རག་པ་དང་། ལོ་དེར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་393.36ཟིན་ནས་དུས་མཚུངས་ལས་ལྡབ་གཅིག་འཕར་ཡོད། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ནས་དུད་ཁྱིམ་8ཀྱི་ལས་ཞུགས་ལ་སྔར་བས་སྐུལ་ཁྲིད་ཐུབ་པ་མ་ཟད། མར་དང་ཞོ་སོགས་ཐོན་རྫས་རིགས་དྲུག་ལ་བརྟེན་ནས“རྭ་སྒྲེང”གི་སྤུས་རྟགས་དེ་རིམ་བཞིན་གཙང་གཞུང་གྲོང་ཚོའི“གསེར་གྱི་མིང་བྱང”དུ་གྱུར་ཡོད།

འབྲོག་ར་ཕུད། གཙང་གཞུང་གྲོང་ཚོའི་ཕྱུག་འགྱུར་གཏམ་རྒྱུད་གཞན་དག་ཀྱང་སྔར་བཞིན་རྩོམ་བཞིན་ཡོད་ཅིང་། ཅུ་གང་གཏེར་ཁ་དང་ཞ་ཉེ་ཏི་ཚའི་གཏེར་ཁ་སྔོག་འདོན་བྱས་ནས་སྐྱེལ་འདྲེན་ལས་རིགས་དར་འཕེལ་བྱུང་བ་དང་། གྲོང་ཚོའི་མཉམ་སྡེབ་སྐྱེལ་འདྲེན་རླངས་འཁོར་རུ་ཁག་གིས་ཟོག་འདྲེན་རླངས་འཁོར་98མ་རྐང་ནང་བསྡུས་ཏེ་ཁ་ལོ་བའི་ལོའི་ཡོང་འབབ་སྒོར་ཁྲི་8.4ལས་བརྒལ་ཡོད། ཇ་ཁང་དང་ཆུ་འཐག འཕྲུལ་ཆས་བོགས་གཏོང་སོགས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱིས་ཡོང་འབབ་དམའ་བའི་དུད་ཁྱིམ་གྱི་ཡོང་འབབ་འཕར་བར་ཡང་སྐུལ་ཁྲིད་ཐུབ་ཡོད། “ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་ཡུལ་མི་རྐང་བདག་ཏུ་འགྱུར་བའི”སྒྱུར་བཅོས་ཀྱི་གཏན་ཚིགས་ཀྱིས་ཡོང་འབབ་དོ་སྙོམས་མེད་པའི་དཀའ་གནད་ཐག་གཅོད་བྱེད་བཞིན་ཡོད།