འདི་ནི་མཚོ་སྨད་རྫོང་གྲི་གུ་སྡེ་ཁུལ་གྱི་སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭར་ལས་བཟོས་སྡེབ་སྦྱོར་ཟིན་པའི་སྐྱེ་ལྡན་ལུད་འགྱིག་ཕད་ནང་བླུགས་བཞིན་པ།
འདི་ནི་བདེ་ཁང་བ་སྦྲང་ནོར་བུ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་གསོ་ཚགས་རྟེན་གཞིར་ཆེད་ལས་མི་སྣས་གཞོན་ནུ་ཚོར་སྦྲང་ནོར་བུ་གསོ་སྟངས་སློབ་བཞིན་པ།
གྲི་གུ་གྲོང་རྡལ་གྱི་ཡུལ་ལྗོངས།
ཉེ་ཆར་ས་སྙོམས་ས་བབ་སྨི་4650ཡོད་པའི་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་འདི་ཉིད་ཞིང་ལས་གྲོང་གསེབ་པུའུ་གཞུང་དོན་ཐིང་གིས་ཁྱབ་བསྒྲགས་བྱས་པའི་2025ལོའི་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་རྣམ་གྲངས་ཀྱི་མིང་ཐོར་ཚུད་པ་རེད། ཐོན་ལས་གྲོང་རྡལ་སྟོབས་ཆེན་རྣམ་གྲངས་ཀྱི་སྒུལ་ཤུགས་ཆེན་པོར་བརྟེན་ནས། དེ་སྔ་སྲོལ་རྒྱུན་འབྲོག་ལས་གཙོ་བོར་འཛིན་པའི་མཐའ་མཚམས་གྲོང་རྡལ་ཆུང་ཆུང་དེས་ས་མཐོའི་ཁྱད་ལྡན་ཐོན་ལས་དར་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད།
“ཁེར་རྐྱང་ཚོང་གཉེར”ནས“ཚོགས་སྒྲིག་འཕེལ་རྒྱས”བར།
གྲི་གུའི་རྩྭ་ཐང་ཡངས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པས། ནོར་ལུག་ནི་འབྲོག་པ་མི་རབས་ནས་མི་རབས་བར་གྱི་འཚོ་རྟེན་ཡིན། འོན་ཀྱང་ཁ་ཐོར་གསོ་ཚགས་དང་། རགས་ལས་གཉེར་སྐྱོང་། ཐོན་ལས་འཁོར་འབྲེལ་ཐུང་བ། ཉེན་འགོག་ནུས་པ་ཞན་པ་བཅས་ཀྱིས་འབྲོག་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ལ་ཚོད་འཛིན་བཟོ་བ་མ་ཟད་འབྲོག་པའི་འབབ་འཕར་ལ་ཡང་ཚོད་འཛིན་བཟོ་གི་ཡོད།
སྲིད་གཞུང་གིས་ཁྲིད་སྟོན་དང་རོགས་སྐྱོར་ཤུགས་ཆེན་བྱས་པ་བརྒྱུད། རྣམ་གྲངས་ཀྱི་མ་དངུལ་ལག་བསྟར་གནད་སྨིན་བྱུང་ནས་འབྲོག་ལས་སྒྱུར་བཅོས་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་དང་དེ་བཞིན་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁག་གཅིག་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ་དང་འབྲེལ་འཕེལ་རྒྱས་ཀྱང་བྱུང་ཡོད། གྲི་གུ་གྲོང་རྡལ་གྱི་འབྲོག་ལས་སྒྱུར་བཅོས་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་སུ་སྐྱོད་སྐབས། ཚད་ལྡན་ཅན་གྱི་ཕྱུགས་ར་སྟར་ཆགས་སུ་བརྒྱབ་ཡོད་པ་དང་། ཕྱུགས་རའི་ནང་དུ་གཟན་རྩྭ་གྲལ་འགྲིག་པོས་སྤུངས་པ་མ་ཟད། རླུང་འགྲོ་ཡང་ཡག་པོ་ཡོད། རྣམ་གྲངས་ཀྱི་འགན་འཁུར་བ་ངག་དབང་དབང་ཕྱུག་གིས་ངོ་སྤྲོད་བྱས་དོན། ཕྱུགས་ར་གཅིག་གྱུར་ཐོག་དོ་དམ་བྱས་ཚེ། ས་མཐོའི་གྲང་ངར་འགོག་ཐུབ་པ་དང་། དགུན་ཁ་ཕྱུགས་རིགས་འཆི་ཚད་མངོན་གསལ་དོད་པོས་ཉུང་དུ་འགྲོ་ཐུབ། ད་དུང་དེང་རབས་ཅན་གྱི་གཟན་རྩྭ་གསོག་འཇོག་མཛོད་ཀྱིས་དགུན་དཔྱིད་དུ་རྩྭ་དཀོན་པའི་དཀའ་གནད་སེལ་ཐུབ།
གསོ་ཚགས་ཀྱི་གྲངས་འབོར་དང་སྤུས་ཚད་ཀྱི་གནད་དོན་ཐག་གཅོད་བྱུང་རྗེས། རིན་གོང་ནི་འབྲོག་པས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད། འབྲོག་པ་རྡོ་རྗེ་ཚེ་རིང་གིས“སྔོན་ཆད་ཁྱིམ་ཚང་སོ་སོས་ནོར་ལུག་འཚོང་སྐབས་ཚོང་པས་གོང་དམའ་པོ་ལས་སྤྲོད་ཀྱི་མེད། ད་ལྟ་གཅིག་གྱུར་རིམས་འགོག་དང་གཅིག་གྱུར་གསོ་ཚགས་བྱས་པས་ལས་ཆོད་ཆེ་རུ་ཕྱིན་པ་མ་ཟད། ཚོང་པ་དང་ལས་སྣོན་བཟོ་གྲྭར་འབྲེལ་མཐུད་གཅིག་གྱུར་ཐུབ་ནས། ན་ནིང་ང་ཚོས་བཤས་བཏང་བའི་འབྲི་གཡག་རེ་ནས་ཆ་སྙོམས་སྒོར་400ལྷག་ཙམ་ཐོལ་པ་རག་བྱུང”ཞེས་མྱོང་ཚོར་ཆེན་པོས་བཤད། མིག་སྔར་གྲོང་རྡལ་ཡོངས་ཀྱིས“ཁེ་ལས་དང་། མཉམ་སྡེབ་དཔལ་འབྱོར། འབྲོག་པ”བཅས་ཟུང་དུ་འབྲེལ་བའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ལག་བསྟར་བྱས་པར་འབྲོག་པ་80%ལྷག་ཙམ་ལ་སྐུལ་ཁྲིད་ཐུབ་ཡོད།
“རགས་ལས་གཉེར་སྐྱོང”ནས“ལས་སྣོན་ཞིབ་ཚགས”བར།
ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་འགག་རྩ་ནི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ཏེ་གནས་ཐང་འཕར་བའི་ཡོང་འབབ་སྔར་བས་མང་བ་ས་གནས་དེ་ག་དང་འབྲོག་པ་རྣམས་ལ་འཇོག་རྒྱུ་དེ་ཡིན། གྲོང་རྡལ་སྟོབས་ཆེན་གྱི་རྣམ་གྲངས་མ་དངུལ་གྱིས་གྲི་གུ་གྲོང་རྡལ་གྱི་འབྲོག་ལས་ཐོན་རྫས་ལས་སྣོན་ལྷུ་ཚིགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
“སྦྲང་རྩིའི”ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་གསོན་ཤུགས་འཕེལ་ཞིང་། འཁར་འཕྲོད་གྲོང་ཚོའི་བདེ་ཁང་བ་སྦྲང་ནོར་བུ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གསོ་ཚགས་རྟེན་གཞིའི་འགན་འཁུར་བ་ཉི་མ་བསམ་གཏན་ནི་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་པའི་95ནང་སྐྱེས་ཀྱི་སློབ་གྲྭ་ཆེ་མོ་བ་ཞིག་ཡིན་ཞིང་། ཁོང་གིས་ལས་མི་ཚོའི་སྣེ་ཁྲིད་ནས་ལས་ལ་བྲེལ་བཞིན་ཡོད། “ང་ཚོས‘ཨ་མ་སྒྲོན’བོད་ཀྱི་སྦྲང་རྩིའི་སྤུས་རྟགས་བཏོད་ཡོད་ལ། ཤ་སྐམ་པོ་དང་། གྲོ་མ། ཟྭ་པོ་སོགས་ཁྱད་ལྡན་ཐོན་རྫས་ཀྱང་ཕྱིར་ཚོང་བྱེད་ཀྱི་ཡོད། དྲ་ཚོང་ལས་སྟེགས་བརྒྱུད་གྲི་གུའི་ཐོན་རྫས་རྒྱལ་ཡོངས་སུ་འཚོང་ཐུབ་པ་དང་། ན་ནིང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་115ལྷག་ཙམ་ཟིན་པ་མ་ཟད། ད་དུང་མཐའ་འཁོར་གྱི་མང་ཚོགས་དུད་ཚང་10ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད” ལས་སྣོན་ཁང་ཆུང་ཆུང་དེ་ནི་གྲི་གུ་གྲོང་རྡལ་གྱིས་སྲོལ་རྒྱུན་ཐོན་ལས་དང་དེང་རབས་ཁྲོམ་ར་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
“སྲོལ་རྒྱུན་འབྲོག་ལས”ནས“རིག་ལྡན་འབྲོག་ལས”བར།
ས་བབ་མཐོ་བ་དང་གནམ་གཤིས་ཆ་རྐྱེན་ཞན་པའི་ས་མཐོར་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་ཚན་རྩལ་ནི་མེད་དུ་མི་རུང་བའི་འདེགས་སྐྱོར་ཞིག་རེད། ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་རྣམ་གྲངས་ཀྱིས“ཚན་རྩལ་ལ་བརྟེན་ནས་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ”དེ་མངོན་གསལ་དོད་པའི་གནས་བབས་སུ་་བཞག་ཡོད།
གྲི་གུ་གྲོང་རྡལ་གྱིས་གྲངས་འཛིན་གང་ལེགས་སྤྱད་ཅིང་། གྲོང་རྡལ་ཐོན་ལས་ཆ་འཕྲིན་ཞབས་ཞུ་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་མཉམ་ལས་ཁང་ཁག་གཅིག་གི་འབྲོག་རའི་སྐབས་ཐོག་རྣམ་པ་དང་། ལག་ཡོད་ཕྱུགས་རིགས་མགོ་གྲངས། འབྲོག་ཟོག་གཙོ་བོའི་ཁྲོམ་རའི་རིན་གོང་ཆ་འཕྲིན་བཅས་གསལ་པོར་བཀོད་ཡོད། གྲི་གུ་གྲོང་རྡལ་གྱི་འབྲོག་ལས་སྒྱུར་བཅོས་རྣམ་གྲངས་ཀྱིས་དྲ་ཐོག་དྲིལ་བསྒྲགས་དང་དྲ་ཕྱིའི་ཕྱིར་ཚོང་ཟུང་འབྲེལ་དང་།“ཕྱིར་སྐྱོད་པ”དང“གདན་དྲངས་པ”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ“ཨང་རྟགས་བཤེར་ནས་ཕྱུགས་རིགས་ཉོ་བའི”རྣམ་པ་གསར་གཏོད་བྱས་ཏེ་འབྲོག་ཟོག་ཕྱིར་ཚོང་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ཡོད།
ཐོན་ལས་འཕེལ་རྒྱས་གཏོང་བའི་མཐའ་མའི་དོན་ལ་བབས་ས་ནི་མང་ཚོགས་ཕྱུག་པོར་གྱུར་རྒྱུ་དེ་རེད། གྲི་གུ་གྲོང་རྡལ་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་ལམ་བུར་བསྐྱོད་རྗེས་འབྲོག་པ་རྣམས་ཀྱི་འཚོ་བར་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་བྱུང་ཡོད།
གྲོང་རྡལ་གྱི་འབྲོག་ཟོག་ལས་སྣོན་བཟོ་གྲྭའི་ཐུམ་སྒྲིལ་འཁོར་ཁང་དུ། ལས་བཟོ་ཆོས་སྒྲོན་གྱིས་མ་ལག་བདེ་པོས་ཚགས་ཤ་སྐམ་པོ་འགྱིག་ཤོག་ནང་ཐུམ་སྒྲིལ་རྒྱག་བཞིན་འདུག ཁོང་གིས“སྔོན་ཆད་ཕྱུགས་འཚོ་བའི་ཡོང་འབབ་བརྟན་པོ་མེད་པའི་ཁར་ཁྱིམ་ལའང་ལྟ་རྟོག་ཡག་པོ་ཐུབ་ཀྱི་མི་འདུག ད་ལྟ་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱས་ན་ཟླ་རེར་གླ་ཕོགས་སྒོར་3000ལྷག་ཙམ་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་དུས་ཐོག་ཏུ་ཕྲུ་གུ་སློབ་གྲྭར་བསུ་སྐྱེལ་བྱེད་ཐུབ་པས་བློ་བདེ་པོ་འདུག”ཅེས་འཛུམ་དམུལ་དམུལ་གྱིས་བཤད། གྲི་གུ་གྲོང་རྡལ་དུ་གསར་དུ་བཙུགས་པའི་མཉམ་ལས་ཁང་དང་ལས་སྣོན་བཟོ་གྲྭ་སོགས་སུ་ཆོས་སྒྲོན་དང་འདྲ་བའི་ལས་ཞུགས་བརྟན་པོ་ཐུབ་པའི་འབྲོག་པ་བརྒྱ་ལྷག་ཙམ་ཡོད།
ཆ་སྙོམས་ས་བབ་སྨི་4650ཡོད་པའི་ས་མཐོར་གྲི་གུ་གྲོང་རྡལ་གྱིས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་རྣམ་གྲངས་རྟེན་གཞིར་བྱས་ནས་སྲོལ་རྒྱུན་འབྲོག་ལས་དེ་དེང་རབས་ཐོན་ལས་མ་ལག་ཕྱོགས་སུ་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་ཡོད། གཅིག་སྡུད་ཡུག་འབྲེལ་གྱི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞིས་ཁ་ཐོར་གྱི་ཕྱུགས་འཚོ་སྟངས་ཀྱི་ཚབ་བྱས་པ་དང་། ལས་སྣོན་ཞིབ་ཚགས་བྱས་པ་ལས་ནོར་ལུག་གི་ཤ་དང་ཕྱུར་བ་སོགས་འབྲོག་ཟོག་གི་རིན་ཐང་ལྡབ་འཕར་བྱུང་བ། ཚན་རྩལ་ཆེད་མངགས་པ་འབྲོག་ར་དང་ལྷས་ར་སོགས་གང་སར་མཐོང་རྒྱུ་ཡོད་པ། དེ་སྔ་ཕྱིར་སྐྱོད་པའི་གཞོན་ནུ་ཚོས་ཤེས་བྱ་གསར་པ་སྦྱངས་ནས་ཕ་ཡུལ་གྱི་འཁོར་ཁང་དང་དྲ་ཚོང་ལས་སྟེགས་སུ་ལོག་པ་སོགས་དེང་རབས་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད།