འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་པར་ལེན་འགྲན་བསྡུར་སྐབས་གསུམ་པའི་བརྩམས་ཆོས་འགྲེམས་སྟོན་བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་པར་ལེན་འགྲེམས་སྟོན་ནི་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གཞིས་རྩེ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། བརྩམས་ཆོས་རྩེ་གྲ་60འགྲེམས་སྟོན་བྱས་པ་རེད།
ད་ཐེངས་ཀྱི་འགྲེམས་སྟོན་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་འདིར། དུས་རབས་ཀྱི་བརྗོད་དོན་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ“མཛེས་མཐུན་ས་ཁོངས”དང“མཛེས་སྡུག་ལྡན་པའི་ལེའུ་གསར”ཞེས་པའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་བརྒྱུད་དེ། འདས་ཟིན་པའི་ལོ་ཟླར་བརྩེ་སེམས་ཟབ་མོས་ཕྱིར་དྲན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ། ལོ་ངོ་60རིང་གི་གཞིས་རྩེའི་གནམ་ས་བླ་འོག་ཏུ་འགྱུར་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།