“ང་ཚོའི་ཇོ་རིའི་སྒར་ས་ཆེན་མོར་ཡུལ་སྐོར་བ་200ལྷག་ཙམ་བསྡད་ཡོད། མཚན་མོར་ཚང་མས་ཐད་གཏོང་བྱེད་པ་དང་བརྙན་ལམ་ལ་བལྟ་བ་སོགས་བྱས་ཀྱང་དྲ་རྒྱའི་བརྡ་རྟགས་ཧ་ཅང་ཡག་པོ་ཡོད”ཅེས་ངག་དབང་འགྱུར་མེད་ཀྱིས་ཐད་གཏོང་ལ་ལྟ་བཞིན་གསར་འགོད་པར་བཤད།
འདི་ག་ནི་བོད་ལྗོངས་གཞིས་རྩེའི་དིང་རི་རྫོང་གི་ཇོ་རིའི་མཛེས་ལྗོངས་ཁུལ་ཡིན་པ་དང་། ངག་དབང་འགྱུར་མེད་ཀྱིས་དེ་གར་སྒོ་རྩིས་ཚོང་ཁང་ཞིག་བཙུགས་ཡོད་པ་རེད། “ལོ་འགའི་གོང་། འདི་གར་ཐད་གཏོང་དང་བརྙན་ལམ་ལ་ལྟ་རྒྱུ་ཕར་ཞོག་ཐ་ན་ཆ་འཕྲིན་ཡང་སྐུར་ཁག་པོ་ཡོད། སྦྲ་གུར་མགྲོན་ཁང་ཁ་ཤས་ཀྱིས‘སྐུད་མེད་དྲ་བ’ཁྲིད་ནས་ཚོང་འགུག་ཐབས་བྱེད་ཀྱི་ཡོད། ཡུལ་སྐོར་བ་མང་པོ་ཞིག་གྲོང་རྡལ་དུ་ལོག་རྗེས་གཞི་ནས་འདི་གར་བརྒྱབ་པའི་འདྲ་པར་དག་མི་གཞན་ལ་སྐུར་ཐུབ་ཀྱི་ཡོད”ཅེས་ངག་དབང་འགྱུར་མེད་ཀྱིས་ཕྱིར་དྲན་བྱེད་བཞིན་བརྗོད།
ཡིན་ན་ཡང་ད་ཆ་ཇོ་རིའི་སྒར་ས་ཆེན་མོའི་དྲ་རྒྱའི་བརྡ་རྟགས་ཧ་ཅང་ཡག་པོ་ཡོད། སྒར་ས་ཆེན་མོའི་གང་སར་ལག་ཐོགས་ཁ་པར་ཐོག་ནས་བརྙན་ལམ་སྦྲེལ་མཐུད་བྱེད་མཁན་ཡུལ་སྐོར་བ་མང་པོ་མཐོང་ཐུབ། ཇོ་རིའི་མཛེས་ལྗོངས་དྲ་རྒྱ་བརྒྱུད་མི་དེ་བས་མང་པོས་མཉམ་སྤྱོད་ཐུབ་ཡོད།
ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་གཞིས་རྩེ་ཡན་ལག་ཀུང་སིའི་དྲ་རྒྱ་པུའི་དྲ་རྒྱ་བཀོལ་སྤྱོད་བདག་སྐྱོང་པན་ཀྲང་ལྷག་ཕུན་ནི་དེ་གའི་དྲ་རྒྱ་འཕེལ་རྒྱས་ཕྱིན་པའི་དཔང་པོ་ཞིག་ཡིན།
ཇོ་རིའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གིས་2020ལོར་ཟླ་བ་ལྔ་པར་ཇོ་རིའི་མཐོ་ཚད་བསྐྱར་འཇལ་བྱེད་པར་ཀྲུང་གོ་སྒུལ་བདེས་བརྒྱུད་རིམ་ཧྲིལ་པོའི་འཕྲིན་གཏོང་འགན་སྲུང་ལས་འགན་བསྒྲུབས་ཤིང་། དེ་ནི་5Gབརྡ་རྟགས་ཇོ་རིར་ཁྲིད་ཐེངས་དང་པོ་ཡིན་པ་རེད། འགན་སྲུང་ཚོགས་པའི་ལས་མི་ཞིག་ཡིན་པའི་ཆ་ནས། ལྷག་ཕུན་གྱི་ལས་འགན་ནི་ཇོ་རིའི་སྒར་ས་ཆེན་མོ་ནས་དབུ་རྩེ་བར་གྱི་ལམ་རྒྱུད་ཀྱི་མཐོ་ཚད་སྨི་5300དང་། 5800 6500བཅས་མཚམས་ཀྱི་སྒར་ས་གསུམ་དུ་སྦྲེལ་ཚུགས་8གསར་དུ་བཙུགས་ནས། རི་འཛེག་རུ་ཁག་གི་བརྡ་རྟགས་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་དེ་ཡིན་པ་རེད།
ལྷག་ཕུན་གྱིས་ད་ཆ་ཡང་ལམ་དུམ་དེ་གསལ་པོར་ངེས་ཀྱི་ཡོད་པ་སྟེ། ས་བབ་མཐོ་ཚད་སྨི་5800ལྷག་ཙམ་ཟིན་སར། ལྗིད་ཚད་ལ་ཏུན་8ཡོད་པའི་སྒྲིག་ཆས་གཡག་46ལ་བཀལ་ནས་དབོར་བ་དང་། ལྗིད་ཚད་ལ་ཏུན་5.8ཡོད་པའི་འོད་སྐུད་ཚང་མ་མིས་ཕྲག་པར་ཁུར་ནས་དབོར་བ་ཡིན། “རིང་ཚད་ལ་སྤྱི་ལེ་3ཡོད་པའི་འོད་སྐུད་མི་40ཡིས་མཉམ་དུ་དབོར་དགོས། གོམ་པ་ཁ་ཤས་ཕྱིན་ན་ངལ་གསོ་ཏོག་ཙམ་རྒྱག་དགོས་ཀྱི་འདུག དེ་ནི་ཐང་ཆད་པས་ཀྱང་ཡིན་ལ་གཙོ་བོ་གསོ་རླུང་དཀོན་པས་རེད”ཅེས་ལྷག་ཕུན་གྱིས་ཕྱིར་དྲན་བྱེད་བཞིན་བརྗོད།
ཡིན་ན་ཡང་5Gབརྡ་རྟགས་བརྒྱུད་དེ་ཇོ་རིའི་དབུ་རྩེ་མཇལ་སྐབས་ལྷག་ཕུན་ལ་སྤོབས་པ་ཆེན་པོ་སྐྱེས་པ་རེད། རྗེས་སུ་ཁོང་གིས་ད་དུང“དབུ་རྩེའི་ལས་འགན”ཇོ་རིའི་ཚན་རིག་རྟོག་ཞིབ་སོགས་གཙོ་གནད་ལས་འགན་མང་པོའི་འཕྲིན་གཏོང་ལ་འགན་ལེན་བྱས་པ་རེད། “ངས་ཇོ་རིའི་བརྡ་རྟགས་ལ་འགན་ལེན་བྱེད་ཀྱི་ཡོད”ཅེས་པ་ནི་ལྷག་ཕུན་གྱི་རྒྱུན་གཏན་གྱི་ལས་ཀར་གྱུར་ཡོད་པ་རེད།
ད་ཆ། ཇོ་རིའི་སྒར་ས་ཆེན་མོར་ལག་ཐོགས་ཁ་པར་ཁ་ཕྱེ་ཚེ“5G-A”ཞེས་པའི་མཚོན་རྟགས་ཆུང་ཆུང་ཞིག་མངོན་ཡོང་གི་རེད། “4Gདང་5Gདྲ་རྒྱ་དང་བསྡུར་ན་5G-Aལ་དུས་འགྱངས་དེ་བས་ཐུང་བ་དང་། མྱུར་ཚད་དེ་བས་མགྱོགས་པ། ཉམས་ལེན་དེ་བས་ཡག་པ་བཅས་ཀྱི་ཁྱད་ཆོས་ལྡན”ཞེས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
སྒར་ས་ཆེན་མོའི་འགྲམ་གྱི་དེའུ་འབུར་ཞིག་གི་སྟེང་དུ་བརྡ་རྟགས་མཐོ་ལྕོག་ཧ་ཅང་མཐོན་པོ་ཞིག་བཙུགས་ཡོད། 2024ལོར་བཙུགས་པའི་5G-Aསྦྲེལ་ཚུགས་དེ་ནི་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་དང་ཀྲུང་ཤིན་འཕྲིན་གཏོང་གིས་བཙུགས་པ་ཞིག་ཡིན་ལ། དེས་ཡུལ་སྐོར་དང་། ཚན་རིག་རྟོག་ཞིབ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བྱེད་སྒོ་སྤེལ་བར་དྲ་རྒྱའི་རྒྱབ་སྐྱོར་མགྱོགས་མྱུར་བྱེད་ཀྱི་ཡོད།
“དམིགས་བསལ་ལས་འགན་གྱི་གཙོ་གནད་འགན་སྲུང་གིས་འགག་སྒྲོལ་ནུས་པར་ཉམས་ཞིབ་བྱེད་པ་དང་། རྒྱུན་གཏན་ཅན་གྱི་འཕྲིན་གཏོང་འགན་སྲུང་གིས་སྒྲིག་ཆས་ལ་ཆ་རྐྱེན་དེ་བས་མཐོ་བ་བཏོན་ཡོད” ཀྲུང་ཤིན་འཕྲིན་གཏོང་དྲ་རྒྱའི་འགན་སྲུང་ལག་རྩལ་ཆེ་མོ་བ་ཅིན་ཝེ་ཡིས་གསར་འགོད་པར“ཇོ་རིའི་མཛེས་ལྗོངས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་ཡོད། གསོ་རླུང་མི་འདང་བ་དང་། གྲང་ངར་ཆེ་བ། རླུང་འཚུབ་དྲག་པོ་ལྡང་བ་བཅས་ཀྱི་ཁོར་ཡུག་ཁྲོད་སྦྲེལ་ཚིགས་བསྐྲུན་ནས་བརྡ་རྟགས་ཁྲིད་པ་ནི་ལས་སླ་པོ་ཞིག་མིན། སྒྲིག་ཆས་འདེམས་པ་དང་། སྐྱེལ་འདྲེན་བྱེད་པ། སྒྲིག་སྦྱོར་སྙོམས་སྒྲིག་སོགས་ཚང་མ་མཐར་ཟད་ཀྱི་འགྲན་སློང་ཞིག་ཡིན”ཞེས་བཤད།
སྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཏེ་ལོ་གཅིག་ལྷག་སོང་རིང་། སྒྲིག་ཆས་འཁོར་སྐྱོད་བདེ་འཇགས་ལྡན་ལ་བརྟན་པོ་བྱུང་བས་ཅིན་ཝེ་སོགས་བློ་བདེ་པོ་བྱུང་ཡོད། ཁོང་ཚོར་མཚོན་ན། དེ་ནི་སྦྲེལ་ཚུགས་གཅིག་བཙུགས་པ་ཙམ་མ་ཡིན་པར་ས་བབ་མཐོ་སའི་འཕྲིན་གཏོང་སྒྲིག་ཆས་ཀྱི“རྒྱུགས་ལེན་ཆེན་པོ”ཞིག་ཀྱང་ཡིན་པ་རེད། ཅིན་ཝེ་ཡིས“ཐེངས་འདིའི་འཛུགས་སྐྲུན་ཉམས་མྱོང་ཡོད་པས། ང་ཚོའི་སྒྲིག་ཆས་སྤྱད་དེ་ས་ཆ་དེ་བས་མང་པོར་5G-Aབརྡ་རྟགས་ཁྱབ་ཐུབ་པར་བྱས་ནས། གངས་ལྗོངས་ས་མཐོའི་མང་ཚོགས་དེ་བས་མང་བར་འཕྲིན་གཏོང་དྲ་རྒྱ་འཐུས་སྒོ་ཚང་དུ་ཕྱིན་པ་ལས་ཁེ་ཕན་ཐོབ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།
(《མི་དམངས་ཉིན་རེའི་ཚགས་པར》2025ལོའི་ཟླ་7ཚེས་14ཉིན་གྱི་པར་ངོས་10པ་ལས་བརྒྱུད་འགོད་བྱས)
(དམ་ཆོས་མི་ཕམ་གྱིས་བསྒྱུར། ཟླ་བ་ཕུར་སྒྲོན་དང་དམ་ཆོས་མི་ཕམ་གྱིས་ཞུས)