འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་རྫ་འབི་ཤང་མེ་འབར་གྲོང་ཚོའི་འགྲན་བསྡུར་ཐང་དུ་ཤ་ཤེད་རྒྱས་ལ་སྤུ་གྲ་ལེགས་པའི“ཉང་གཡག”གིས་གྲོང་མི་ཚོའི་ཡིད་དབང་བཀུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་རམ་འདེགས་དང་། “ཉང་གཡག”རྒྱུད་བཟང་ཁྱབ་གདལ་གཏོང་བ། ས་མཐོའི་ཁྱད་ལྡན་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྱད་ལྡན་འབྲོག་ལས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱ་ཆེད། མེ་འབར་གྲོང་ཚོས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི“ཉང་གཡག”དཔྱད་འདེམས་འགྲན་བསྡུར་སྐབས་བཞི་པ་བྱས་ཤིང་། ད་ཐེངས་ཀྱི་བྱེད་སྒོར“ཉང་གཡག”མགོ་གྲངས་67ཞུགས་ཡོད་ལ། འགྲན་བསྡུར་ནང་ཞུགས་མཁན་ཁྱོན་མི་82ཡོད་པའི་ནང་མི་9འོ་མ་འཇོ་བའི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།
“ཉང་གཡག”ནི་ལྷ་རི་རྫོང་ཁོ་ནར་དབང་བའི་ས་གནས་ཀྱི་རྒྱུད་བཟང་ཞིག་རེད། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཤིག་ཡིན་པའི་ཉང་གཡག་གི་གཟུགས་སྟོབས་ཆེ་བ་དང་། ཤ་ཤེད་རྒྱས་པ། ཤ་བྲོ་བ་ཞིམ་པ། སྤུ་གྲ་ལེགས་པ་བཅས་ལས་སྐད་གྲགས་ཆོད་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ཁྲོད། དཔྱད་འདེམས་ཨུ་ལྷན་གྱིས་རྭ་ཅོ་དང་། གཟུགས་ཚད། ཤ་རྒྱགས་ལོད། སྟོབས་ཆེ་ཆུང་སོགས་བསྡུར་ནས་སྐར་མ་བརྒྱབ་སྟེ་མཐར་གྲོང་མི་ཚོའི་བློ་ལ་ཐད་པའི“ཉང་གཡག”བདམས་ཡོད།