07

ལོ་ཙཱའི་ཁྲོད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་འགའ་གླེང་བ། 2025年07月02日

དང་པོ། མིང་བརྡའི་སྐོར་གྱི་བརྡ་སྤྲོད་གནད་དོན།

ལུང་སྟོན་པ་རྟགས་ཀྱི་འཇུག་པའི་རྩ་བར། “ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །”ཅེས་གསུངས་པ་ལས། མིང་ནི་ཚིག་སྒྲུབ་བྱེད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རྟོགས་ཐུབ། མིང་ལེགས་པར་མ་གྲུབ་པའམ་ཡང་ན་ལོག་པར་གྲུབ་ན་ཚིག་ཧྲིལ་པོར་གོ་བ་ལེགས་པོ་ཞིག་ལེན་པར་འགལ་རྐྱེན་བཟོ་སྲིད་ལ། ཐ་ན་གོ་བ་ལོག་པར་འགྱུར་ཉེན་ཆེན་པོ་ཡོད། དེ་བཞིན་དུ་རྒྱ་བོད་ཡིག་སྒྱུར་སྐབས་སུ་དང་ཐོག་མ་ནས་མིང་སྒྱུར་པའི་སྐབས་སུ་འགྱུར་གང་ལེགས་ལེགས་ཤིག་ཡོང་བ་བྱ་རྒྱུ་ནི་གལ་ཆེན་པོ་རེད། གལ་ཏེ་མིང་གི་སྐབས་ནས་ལེགས་པོ་ཞིག་བསྒྱུར་མ་ཐུབ་ན་ཚིག་ནི་མིང་དུ་མ་ལས་གྲུབ་པ་ཞིག་ཡིན་པའི་དབང་གིས། ཚིག་ཧྲིལ་པོ་སྒྱུར་བའི་སྐབས་སུ་འགྱུར་ལེགས་པོ་ཞིག་ཡོང་དཀའ་བས། དེས་འགྱུར་སྤྱི་ཡོངས་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་མིང་ནི་ཚིག་དང་བརྗོད་པ་ཀུན་གྱི་རྩ་བ་དང་རྨང་གཞིར་གྱུར་ཡོད་པས། མིང་སྒྱུར་བའི་སྐབས་སུ་ང་ཚོས་ཅིས་ཀྱང་བརྩི་མཐོང་དང་གཟབ་ནན་བྱ་དགོས་སོ། །

འོ་ན། མིང་ཡག་པོ་ཞིག་སྒྱུར་ཐབས་ཇི་ལྟར་བྱེད་དགོས་ཞེ་ན། 《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག》ལས། “རྒྱ་བོད་ལོ་ཙཱ་བ་ཞིག་ཡིན་ཕྱིན། ཐོག་མར་སྐད་ཡིག་གཉིས་ཀྱི་མིང་མང་པོ་བློ་ལ་ངེས་ནས་ཇི་བཞིན་དུ་སྤྱོད་ཤེས་དགོས་ལ། མ་མཐར་ཡང་ཉེ་བར་མཁོ་བའི་མིང་རྣམས་ཚིག་མཛོད་དང་དག་ཡིག་ལ་བརྟེན་མ་དགོས་པར། བློ་ནས་ཤར་མར་ཐོན་པ་ཞིག་ཡིན་དགོས”ཞེས་གསུངས་པ་ལས། མིང་གི་གལ་ཆེན་རང་བཞིན་དང་སྒྱུར་ཐབས་སོགས་བསྟན་ཡོད། མིང་བརྡ་སྒྱུར་སྐབས་གཅིག་ནས་བོད་རང་གི་སྐད་ཆའི་ཁྲོད་ནས་མིང་བརྡ་འཚོལ་བ་དང་། གཉིས་ནས་མིང་བརྡ་གསར་པ་བཟོས་ནས་སྒྱུར་དགོས་པ་ཡིན། འོན་ཀྱང་། དངོས་སུ་ལག་ལེན་བསྟར་སྐབས་གནད་དོན་རབ་དང་རིམ་པ་ཐོན་བཞིན་ཡོད་པ་དཔེར་ན། “望远镜”ལ་བོད་རང་གི་སྐད་དུ“རྒྱང་མཐོང”ཞེས་ཟེར་བ་ཡོད་མོད། “རྒྱང་ཤེལ”ཞེས་མིང་གསར་པ་བཟོས་ནས་བསྒྱུར་བ་ལྟ་བུ། དེ་མིན་ད་དུང“酒窝”ལ་བོད་ཀྱི་སྔར་ཡོད་ཀྱི་མིང་བརྡའི་ཁྲོད་དུ“འཛུམ་ཀོང”ཞེས་ཟེར་བཞིན་ཡོད་ཀྱང་། “མཛེས་ཀོང”ཞེས་པར་བསྒྱུར་བ་ལྟ་བུ་རེད། དེ་ལྟ་བུའི་སྔར་ཡོད་ཀྱི་མིང་བརྡ་ཡོད་བཞིན་དུ་མིང་བརྡ་གསར་པ་བཟོ་བ་ནི་བོད་སྐད་ལ་ཚིག་ཉོག་ཇེ་མང་དུ་གཏོང་བ་དང་ཀློག་པ་པོར་དཀའ་ལས་བཟོ་བ་ལས་གཞན་དགོས་པ་ཆེན་པོ་མེད་པར་སྣང་།

གཉིས་པ། ཚིག་ཕྲད་སྐོར་གྱི་བརྡ་སྤྲོད་གནད་དོན།

ཐོག་མར་ཚིག་གི་སྒྱུར་ཚུལ་མ་གླེང་སྔོན་ལ་ཚིག་གི་མཚན་ཉིད་དམ་གོ་དོན་གང་འདྲ་ཡིན་ནམ་ཞེ་ན། རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་བརྩམས་གནང་བའི《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》ལས། “བོད་སྐད་བརྡ་སྤྲོད་པའི་གཞུང་གི་ཚིག་ཅེས་པ་ནི། མིང་དུ་མ་འདུས་པ་ལ་ཚིག་ཕྲད་སྦྱར་མིན་གང་ཡང་རུང་བའི་མཐར་གསལ་བྱེད་ཀྱི་སྒྲ་ཞིག་སྦྱར་ཞིང་། པ་བ་སོགས་ཀྱི་མིང་མཐའ་དང་བྲལ་བའི་སྐབས་བབ་ཀྱི་བསྟན་བྱ་རྫོགས་པར་སྟོན་པའི་གདངས་ཀྱི་འདེགས་འཇོག་གསལ་བའི་རྗོད་བྱེད་ཀྱི་སྒྲ་ཞིག་ལ་བྱ་དགོས་སོ། །དེའི་དོན་གསལ་བར་བཤད་ན། མིང་དུ་མ་འདུས་པ་ལ་ཚིག་ཕྲད་སྦྱར་མིན་གང་ཡང་རུང་བ་དང་། གསལ་བྱེད་ཀྱི་སྒྲ་དང་ལྡན་པ་དང་། པ་བ་སོགས་ཀྱི་མིང་མཐའ་མེད་པ་དང་། བསྟན་བྱ་དོན་གྱི་ཁྱད་པར་རྫོགས་པར་སྟོན་པ་དང་། གདངས་ཀྱི་འདེགས་འཇོག་གསལ་བ་བཅས་ཁྱད་ཆོས་ལྔ་དང་ལྡན་པའི་རྗོད་བྱེད་ཀྱི་སྒྲ་ཞིག་ལ་ཚིག་ཏུ་བཏགས་ན་ལེགས་པར་སྙམ”ཞེས་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་ཞལ་ནས་ཀྱང་། “དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང་། ཁྱད་པར་སྟོན་པ་ཚིག་དང་། དེ་ཉིད་དོན་ལྡན་ངག་གི་ཕྲེང་བ་དུ་མར་སྤེལ་བར་བརྗོད་པ”ཞེས་གསུངས་པ་ལས། ཚིག་ནི་བོད་ཀྱི་བརྡ་སྤྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རྟོགས་ནུས། དེས་ན། རྒྱ་བོད་ལོ་ཙཱའི་གནས་སྐབས་སུ་ཚིག་གི་སྒྱུར་སྟངས་ལ་ཤིན་ཏུ་ནས་དོ་སྣང་བྱེད་དགོས་ལ། ཚིག་སྒྱུར་བའི་སྐབས་སུའང་གོ་བ་ལེགས་པར་བླངས་ནས་བསྒྱུར་རྒྱུ་ནི་ཧ་ཅང་གལ་ཆེན་རེད།

ཚིག་སྒྱུར་བའི་སྐབས་སུ་མིང་སྒྱུར་བའི་སྐབས་དང་མི་འདྲ་བར། གོ་བ་ལོན་དཀའ་བ་དང་། བརྗོད་བྱའི་ནང་དོན་མང་བ་སོགས་ཡོད་པས། ཚིག་གི་ནང་དོན་ལ་གོ་བ་རབ་རོབ་ཙམ་བླངས་ནས་བསྒྱུར་ན། འགྱུར་ཡིག་གིས་མ་ཡིག་གི་ནང་དོན་ཇི་བཞིན་མཚོན་རྒྱུ་ལྟ་ཅི། ཀློག་པ་པོས་མ་ཡིག་གི་ནང་དོན་ལ་གོ་བ་ལོག་པར་ལེན་པའི་གནད་དོན་ཐོན་སྲིད། གཞན་ཡང་། དེང་གི་རྒྱ་བོད་ཡིག་སྒྱུར་ཁྲོད་མིང་བརྡ་གསར་པ་སྒྱུར་སྐབས་རྒྱ་ཡིག་གི་བརྡ་སྤྲོད་ཀྱི་ཤུགས་རྐྱེན་ཐེབས་མང་བ་དང་། ཡང་ན་ཐད་སྒྱུར་ལ་གཞོལ་དྲགས་པའི་དབང་གིས། བོད་སྐད་དུ་གོ་བ་ལོན་དཀའ་བ་དང་གོ་དོན་འགྱུར་བའི་འགྱུར་ཡིག་འགའ་རེ་ཐོན་བཞིན་ཡོད་དེ། དཔེར་ན། “中国银行”ལ“ཀྲུང་གོ་དངུལ་ཁང”ཞེས་ཐད་ཀར་རྒྱ་ཡིག་གི་འགྲོས་ལྟར་འབྲེལ་སྒྲ་མེད་པར་བྱས་ནས་བསྒྱུར་བ་ལྟ་བུ། དེ་མིན“万达广场”ལ་ཐད་ཀར“ཝན་ཏྭ་ཚོང་ར”ཞེས་འབྲེལ་སྒྲའི་ཕྲད་བསྐུངས་པ་ལྟ་བུའོ། །དེ་ལྟར་བསྒྱུར་ན་མ་ཡིག་ལ་བསྟུན་དྲགས་པ་དང་བརྗོད་མི་བདེ་བ་དང་དོན་མི་གསལ་བའི་སྐྱོན་མཆིས།

གསུམ་པ། བརྗོད་པའི་སྐོར་གྱི་བརྡ་སྤྲོད་གནད་དོན།

སྤྱིར་ཡིག་སྒྱུར་སྐབས་རྒྱ་བོད་བརྗོད་པའི་བརྗེ་སྒྱུར་ལའང་གནད་དོན་མཆིས་ཏེ། སྒྱུར་ནོར་བ་དང་ཡང་ན་སྣང་ཆུང་ཤོར་ནས་བསྒྱུར་མེད་པ། ཚིག་ཟུར་དུ་སྐུང་བའི་བརྗོད་པའི་སྦྲེལ་ཚིག་དག་མངོན་སུམ་མ་བསྒྱུར་བས་འགྱུར་ཡིག་གི་བརྡ་དོན་མི་གསལ་བའི་གནད་དོན་སོགས་མཆིས། ཚིག་ཕྲད་དང་བརྗོད་པའི་སྦྲེལ་ཚིག་གི་སྒྱུར་སྲོལ་ནི་སྣོན་འཕྲི་དང་བསྣོར་ཕྲལ་སོགས་ཀྱི་སྒྱུར་ཐབས་བཀོལ་ནས་བསྒྱུར་དགོས་པས་ཁྱད་པར་ཆེར་མེད་མོད། འདིར་གཙོ་བོ་བརྗོད་པའི་ཕྲེང་བའི་སྒྱུར་སྲོལ་ལས་བྱུང་བའི་གནད་དོན་རགས་ཙམ་གླེང་འདོད་པ་ཡིན་ཏེ། བརྗོད་པའི་ཕྲེང་བ་སོ་སོའི་སྦྲེལ་བྱེད་ཚིག་ཕྲད་དག་རྒྱ་བོད་སྐད་གཉིས་ཕན་ཚུན་བརྗེ་སྒྱུར་བྱེད་སྐབས་ཀྱང་བརྡ་སྤྲོད་ཐད་ཀྱི་གནད་དོན་ལྷག་གི་ཡོད་ཅིང་། འདིར་བཤད་བྱའི་བརྗོད་པ་ནི་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཞེས་པའི་ནང་ཚན་གྱི་བརྗོད་པར་གོ་བ་དང་། མིང་ལས་ཚིག་དང་། ཚིག་ལས་བརྗོད་པ། བརྗོད་པ་ལས་བརྗོད་པའི་ཕྲེང་བ་གྲུབ་པ་ནི་སྐད་རིགས་སོ་སོའི་ཐུན་མོང་གི་སྐད་ཆའི་གྲུབ་ཚུལ་ཡིན།

སི་ཏུ་པཎ་ཆེན་མཆོག་གིས། ཚིག་མང་པོ་སྦྲེལ་ནས་དོན་དང་ལྡན་པའི་ངག་གི་ཕྲེང་བར་གྲུབ་པ་ནི་བརྗོད་པ་ཞེས་བྱའོ་ཞེས་དང་། དབྱངས་ཅན་གྲུབ་པས། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ཡི་གེའི་སྦྱོར་བ་བཤད་པར་བྱ་ཞེས་པའི་བརྗོད་པའི་དོན་བཅས་ལས་མིང་དང་། ཚིག བརྗོད་པ་བཅས་གོ་རིམ་བཞིན་གསུངས་ཡོད། གཞན་ཡང་། ཚིག་དུམ་མང་པོ་སྦྲེལ་ནས་དོན་དང་ལྡན་པའི་ངག་གི་ཕྲེང་བར་བརྗོད་ཕྲེང་ཞེས་བརྗོད་ཅེས་པ་དང་། བརྗོད་ཕྲེང་གི་གྲུབ་ཚུལ་ནི། ཚིག་དང་ཚིག་ཚན་གྱིས་གྲུབ་པ་དང་། ཚིག་དང་ཚིག་ཚན་ནི་བརྗོད་པའི་རྩ་བའི་སྡེ་ཚན་ཡིན་ཞེས་པ། གཞན་ཡང་། སྐད་བརྡ་རིག་པས་བརྗོད་པ་ལ་ཚིག་འདུས་མ་ཟེར་སྲོལ་ཡོད་དེ། 《སྐད་བརྡ་རིག་པའི་སྤྱི་དོན》ལས། “ཚིག་འདུས་མ་ཞེས་པ་ནི་གོ་དོན་གྱི་སྟེང་ནས་འབྲེལ་བ་དམ་ཞིང་སྒྲིག་གཞི་ལྟོས་བཅས་ཀྱིས་རང་ཚུགས་སུ་སྣང་བའི་ཚིག་ཐུང་གཉིས་སམ་དུ་མའི་བདག་ཉིད་ཅན་ཞིག་ལ་གོ་བ་ཡིན”ཞེས་པ་ལས་རྟོགས་ནུས། ཚིག་འདུས་མའམ་བརྗོད་པ་གྲུབ་བྱེད་ཀྱི་ཚིག་ཚན་སྔ་ཕྱིའི་འབྲེལ་བ་མི་འདྲ་བའི་དབང་གིས། ཆེ་ཕྱོགས་ནས་མཉམ་སྦྲེལ་བརྗོད་ཕྲེང(联合复句)དང་། གཙོ་ཕལ་བརྗོད་ཕྲེང(偏正复句)གཉིས་སུ་དབྱེ་སྲོལ་དང་། དེ་གཉིས་ལའང་ནང་གསེས་དབྱེ་བ་མང་པོ་འདུག་ཅིང་། གཤམ་ནས་བརྗོད་ཕྲེང་སོ་སོའི་སྦྲེལ་ཚིག་གི་སྒྱུར་ཚུལ་རགས་ཙམ་གླེང་ན། བརྗོད་ཕྲེང་གི་ཚིག་ཚན་སོ་སོའི་བར་ཕྲད་འདུས་མས་སྦྲེལ་ཡོད་ཅིང་། རྒྱ་ཡིག་གི་ཕྲད་འདུས་མ“虽然……但是”ལྟ་བུས་མཚོན་པའི་བརྗོད་ཕྲེང་ནི་འགལ་དོན་བརྗོད་ཕྲེང(转折复句) ཡིན་ཞིང་། བོད་ཡིག་ཏུ་བསྒྱུར་ན་རྒྱན་སྡུད་ལས་མི་མཐུན་པའི་རྒྱན་དང་། འོན་ཀྱང་། ཡིན་མོད་ཅེས་པ་སོགས་ཀྱི་དོན་དུ་འཇུག་པ་དང་། “所以……”ལྟ་བུ་ནི་རྒྱུ་འབྲས་བརྗོད་ཕྲེང(因果复句)དུ་གཏོགས་ཤིང་། ཚིག་སྔ་མའི་རྒྱུ་ལས་ཚིག་ཕྱི་མའི་འབྲས་བུ་འདྲེན་པ་ཡིན་པས། ཚིག་ཚན་སྔ་མའི་རྗེས་སུ་བྱེད་སྒྲ་རྒྱུ་མཚན་ཅན“པས་དང་། རྐྱེན་གྱིས། དབང་གིས། བརྟེན”སོགས་ཚབ་ཏུ་སྦྱོར་དགོས། མཉམ་གཤིབ་བརྗོད་ཕྲེང(并列复句)གི་མཚམས་སྦྱོར་བའི་ཕྲད“既……也”ལྟ་བུ་རང་སྐད་དུ་མཚོན་སྐབས། ལྷག་བཅས་ཀྱི་ཕྲད་ཏེ་དེ་སྟེ་གསུམ་དང་། རྒྱན་སྡུད་ལས་སྡུད་པའི་དོན་སྟོན་པའི་ཕྲད་ཀྱང་ཡང་འང་གསུམ། ཚིག་ཕྲད་ཅིང་ཞིང་ཤིང་གསུམ་སོགས་ཀྱིས་ཚིག་ཚན་སྔ་ཕྱིའི་མཚམས་སྦྱོར་དགོས་ཤིང་། “同时……”ལྟ་བུ་བོད་སྐད་དུ“དང་་་་་་ཆབས་ཅིག དང་སྦྲགས། དུས་མཚུངས་སུ། དུས་མཉམ་དུ”སོགས་ཀྱིས་མཚོན་ཆོག རིམ་འཇུག་བརྗོད་ཕྲེང(递进复句)གི་ཕྲད“并且还有……”ལྟ་བུ་ནི་བོད་ཡིག་གི“མ་ཟད་དང་མི་ཚད། ཁར། ཞིང་། མ་ཟད་་་་་་ད་དུང”སོགས་ཀྱིས་མཚོན་ཞིང་། བརྗོད་ཕྲེང་གི་སྒྱུར་ཚུལ་ནི་གཙོ་བོ་ཚིག་ཚན་སོ་སོ་མཚམས་སྦྱོར་བྱེད་ཀྱི་ཚིག་ཕྲད་དག་གི་སྒྱུར་ཚུལ་ཡིན་ལ། རྒྱ་བོད་སྐད་གཉིས་ཀྱི་ཚིག་ཚན་གྱི་གོ་རིམ་ཇི་བཞིན་ཚིག་ཕྲད་དག་ཕན་ཚུན་ཐོད་གཏུགས་ནས་སྒྱུར་ཆོག་ཅིང་། ཡང་སྐབས་བསྟུན་གྱིས་ཚིག་ཚན་གྱི་གོ་རིམ་ལྡོག་ནས་བསྒྱུར་དགོས་པའང་ཡོད། དེའི་སྐབས་སུ་འགྱུར་སྐྱོན་ཐོན་སླ་བས། ལོ་ཙཱ་བས་ཚད་མཐོའི་ཟུར་ཚད་ནས་མ་ཡིག་གི་སྐད་བརྡའི་ཁོར་ཡུག་དང་། རྩོམ་པ་པོའི་སྐད་ཆའི་ཉམས། བསམ་པའི་བརྩེ་དུང་སོགས་ལ་དཔྱད་པ་ནན་མོ་གཏོང་དགོས་པ་དང་སྦྲགས། བརྗོད་པའི་ཚིག་ཚན་སོ་སོའི་འབྲེལ་བ་དང་དེ་ཚོ་སྦྲེལ་བྱེད་ཀྱི་ཕྲད་མ་ནོར་བར་སྤྱོད་དགོས། གཞན་བྱེད་ནུས་དོ་མཉམ་སྨྲ་བའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་རྩ་དོན་དང་ཟུང་དུ་འབྲེལ་ཏེ། སྒྱུར་ཐབས་སྣ་ཚོགས་སྐབས་བསྟུན་གྱིས་སྤྱད་ནས། འགྱུར་ཡིག་གི་ཀློག་པ་པོར་རང་སྐད་ལམ་ནས་བརྩམས་པ་ལྟ་བུའི་མྱོང་ཚོར་ཞིག་སྟེར་ཐུབ་ཆེད་བརྡ་སྤྲོད་ཁྲོད་ཀྱི་གནད་དོན་དག་སེལ་བར་བརྩོན་དགོས།

མདོར་ན། ཡིག་སྒྱུར་ནི་སྐད་རིགས་གཉིས་ཀྱི་སྐད་བརྡའི་བརྗེ་སྒྱུར་ཡིན་པས་མ་ཡིག་གི་མིང་བརྡ་དང་། ཚིག་སྦྱོར། བརྗོད་ཕྲེང་སོགས་སོ་སོ་ནས་བརྡ་སྤྲོད་གནད་དོན་འགའ་རེ་འབྱུང་སླ་ཞིང་། དེ་ཡང་སྣང་ཆུང་མི་རུང་བའི་གནད་དོན་ཞིག་ཡིན། དང་པོ་མིང་བརྡ་ལས་སྒྲ་སོར་འཇོག་གི་མིང་ལ་མཚོན་ན། སྒྲ་གདངས་དག་པར་མཚོན་སྐབས་མ་ཡིག་དང་འགྱུར་ཡིག་སྐད་གཉིས་ཀྱི་སྒྲ་གདངས་མི་འདྲ་བའི་དབང་གིས་སྒྲ་གདངས་གསལ་པོར་མཚོན་མ་ཐུབ་པའི་གནད་དོན་དང་། གནད་དོན་དེ་ལས་འགྱུར་མིང་གཅིག་གྱུར་མིན་པའི་སྣང་ཚུལ་ཡང་བྱུང་བ་ཡིན། ཚིག་ཕྲད་ཐད་ཀྱི་གནད་དོན་ནི་འབྲེལ་སྒྲའི་ཚིག་ཕྲད་བཏང་སྙོམས་སུ་འཇོག་པ་དང་། འབྲེལ་སྒྲའི་ཕྲད་གི་ཀྱི་གྱི་འི་ཡི་ལྔ་པོ་ཁྱད་པར་མེད་པར་སྦྱོར་བ་སོགས་ཀྱི་གནད་དོན་མཐོང་ཞིང་། དེ་བཞིན་དུ་བརྗོད་པ་སོ་སོའི་སྦྲེལ་ཚིག་སོ་སོ་ཐོད་གཏུགས་བྱས་ནས་སྒྱུར་ཆོག་པ་དག་དེ་ལྟར་སྒྱུར་མེད་པ་དང་། ཤུགས་བསྟན་གྱི་ཕྲད་སྒྱུར་མེད་པས་མ་ཡིག་གི་བརྡ་དོན་མི་གསལ་བའམ་གོ་བ་ཕྱིན་ཅི་ལོག་པའི་གནད་དོན་སོགས་མཆིས། (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བསྟན་འཛིན་བཟང་པོས)