03

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། 2025年07月02日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་30ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པའི་གཏམ་བཟང་གངས་ལྗོངས་ས་མཐོའི་གང་ས་གང་དུ་ཁྱབ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཐུགས་རེ་ཟབ་མོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་པ་ཡོངས་སུ་དྲོས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངཌ་བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ། སྙིང་སྟོབས་ཆེར་སྐྱེད་དང་འབད་འཐབ་ལྷོད་མེད་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་རྗེས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དགའ་སྤྲོ་རབ་ཏུ་འཁོལ་བ་མ་ཟད། སེམས་འགུལ་ཆེན་པོ་ཐེབས་སོང”ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱི་ཀྲེན་ཀྲང་ལི་ཡུས་ལིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་ཡིག་འབྲུ་རེ་རེ་ལས་བརྩེ་བ་ཟབ་མོ་འཆང་ལུགས་མཚོན་ལ་ནང་དོན་གཏིང་ཟབ་པོའང་འདུག དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ལ་ཐུགས་ཁུར་ཆེན་པོ་དང་དམིགས་བསལ་གྱི་གཅེས་སྐྱོང་གནང་ལུགས་གང་ལེགས་མཚོན་གྱི་འདུག ཐུགས་ཁུར་དེ་འདྲ་གནང་བ་ནི་ང་ཚོ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་ལ། ང་ཚོ་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་དེ་བས་ཡིན་ཞེས་བཤད་པ་རེད། ལི་ཡུས་ལིང་གིས“ང་ཚོས་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་བཀའ་དྲིན་བསམ་བཞིན་འབད་འབུངས་མདུན་སྐྱོད་བྱེད་ཀྱི་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་སྒུལ་ཤུགས་སུ་བསྒྱུར་ཏེ། ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ཁར།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་མང་དུ་དང་འཚོ་བ་སྔར་བས་བདེ་སྐྱིད་ཡོང་བར་བྱས་ཏེ། འཕེལ་རྒྱས་ཀྱི་ཕན་འབྲས་དངོས་བཏོད་ནས་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གཟབ་བཞེས་དང་ཐུགས་རེ་ཟབ་མོ་བཅོལ་གནང་བར་དྲིན་ལན་འཇལ་གྱི་ཡིན”ཞེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པའི་སྐོར་རི་ཆུ་སྟོང་ཕྲག་བརྒལ་ནས་བོད་ལྗོངས་དིང་རིར་ཁྱབ་སྟེ་ས་ཡོམ་གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་ཡོད། “འཕྲིན་ལན་གལ་ཆེན་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མཐའ་མཚམས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་གང་ལེགས་མཚོན་གྱི་ཡོད”ཅེས་དིང་རི་རྫོང་གྲམ་མཚོ་ཤང་མགུ་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་བཤད་པ་དང་། ཁོང་གིས་མིག་ལ་མཆི་ཞག་འཁོར་བཞིན་དུ“ངས་ངང་སྒུག་མི་ཐུབ་པར་ཚང་མར་འཕྲིན་ལན་གྱི་ནང་དོན་ཚང་མ་བཤད་པ་ཡིན”ཞེས་བཤད་ཅིང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཕྱེད་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་དེ་བཞིན་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག མགུ་རིང་གྲོང་ཚོར་གནས་སྐབས་བར་བརྒལ་གྱི་བཀོད་སྒྲིག་ཆ་རྐྱེན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་ས་ཚ་སོབ་སོབ་དང་ཟས་གྲོད་པ་རྒྱགས་པ་བཟའ་རྒྱུ་ཡོད་པ་དང་། ཕྲུ་གུ་ཚོ་སློབ་གྲྭར་བསྐྱར་དུ་བསྐྱོད་རྒྱུ་བྱུང་བ། དུས་ཐོག་ཏུ་དཔྱིད་རྨོད་དང་དཔྱིད་འདེབས་ཐུབ་ནས་མཐའ་དག་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པ་དེ། འཕྲིན་ལན་ནང་འཁོད་པ་བཞིན“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པ་ལྟར་རེད་འདུག་ཅེས་བརྗོད་ཅིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་གལ་ཆེན་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་སླར་གསོ་བསྐྱར་སྐྲུན་མགྱོགས་པོ་བྱས་ནས་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན”ཞེས་བཤད་པ་རེད།

རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་མཐུན་སྒྲིལ་ཡར་སྐུལ་ཁྲུའི་ཁྲུའུ་ཀྲང་ཕུན་ཚོགས་ཉི་མས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བ་ཤེས་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་ཚོར་སྣང་ཟབ་མོའང་སྐྱེས་བྱུང་། མི་རིགས་ལས་དོན་པ་ཞིག་ཡིན་པའི་ངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་གསུམ་ལ་སྐུལ་འདེད་གཏོང་རྒྱུ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་ལ་སློབ་སྦྱོང་བྱས་རྗེས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ཚིག་རེ་རེ་ནི་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་མཐོ་གཟིགས་འོག་བསྐྱངས་གནང་བ་ཞིག་རེད་ལ། དེ་བས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་དུང་ཟབ་མོ་བཅངས་གནང་བ་ཞིག་རེད། དེས་ང་ཚོ་གངས་ལྗོངས་ས་མཐོའི་འཛུགས་སྐྲུན་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་གནང་ཡོད”ཅེས་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་གལ་ཆེན་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས། ལག་རྩལ་གསོ་སྦྱོང་དང་རྩལ་ནུས་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འཇོན་ཐང་ཆེ་རུ་འགྲོ་རྒྱུར་རོགས་རམ་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་དེ་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་གསུམ་གྱི་ཟམ་པ་བརྟན་པོ་བསྐྲུན་ནས། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ལ་ལག་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཀུང་སི་བཞི་པའི་ཉིང་ཁྲིའི་རྣམ་གྲངས་ཀྱི་ལག་རྩལ་པ་ཁྲེ་ཡན་ཏུང་གིས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་གི་ཡིག་འབྲུ་རེ་རེར་དོན་སྙིང་ཟབ་མོ་ལྡན་ཞིང་། གངས་ལྗོངས་ས་མཐོའི་བུ་ཕྲུག་གིས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། གྲོང་རྡལ་ནས་གྲོང་གསེབ་བར་དང་། ལས་ཁུངས་ནས་ཁེ་ལས་བར། སློབ་གྲྭ་ནས་སྡེ་ཁུལ་བར་བཅས་སུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཐུགས་རེ་ཟབ་མོ་བྱ་སྤྱོད་དངོས་སུ་བསྒྱུར་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་འབད་འབུངས་ཆེན་པོས་མདུན་སྐྱོད་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད་པ་རེད།

(སྤེན་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)